ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༨ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་གནང་བའི་ཐེ་ཝན་ཐུགས་རྗེ་ཆེ་ཞེས་པའི་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་གྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གནང་སྟེ་ཐེ་ཝན་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
ཕྱི་ཚེས་ ༢༩ ཉིན་སྤྱི་ཟུར་བསྟན་འཛིན་མཁས་གྲུབ་ལགས་ཀྱིས་གོ་སྒྲིག་གནང་བ་ལྟར་ Taiwan Root Medical Peace Corps ཚོགས་གཙོ་སྐུ་ཞབས་ལིའུ་ལགས་དང་མཇལ་འཕྲད་གནང་སྟེ་བཙན་བྱོལ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྨན་བཅོས་དང་འབྲེལ་བའི་སྐོར་ལ་ཕན་ཚུན་གོ་བསྡུར་ལྷུག་པོ་གནང་།
ཕྱི་ཚེས་ ༣༠ ཉིན་ཐེ་སྡོད་བོད་རིགས་ཚོགས་པ་དང་ས་གནས་གཞོན་ནུའི་རྒྱུན་ལས་གཙོས་བོད་མི་ཁག་གཅིག་དང་མཉམ་བཞུགས་མོལ་ཚོགས་འདུ་ཚོགས། ཐོག་མར་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་རྗེས། བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་འཆར་གཙོ་བོའི་ཁོངས་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་འགྲེལ་བརྗོད་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཀྱི་འཕྲོད་བསྟེན་སོགས་དང་འབྲེལ་བའི་ངོ་སྤྲོད་དང་སྦྲགས་གསུང་དོན། བོད་མི་བཙན་བྱོལ་བ་རྣམས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་འཛམ་གླིང་ཐོག་ཆགས་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ལས་ལྷག་པའི་ཆ་རྐྱེན་ལྡན་ཡོད་པ་ངོ་སྤྲོད་གནང་བ་མ་ཟད།
བོད་ནང་རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པས། ཕྱི་ལ་ཡོད་པའི་བོད་མི་ཚོས་འགན་འཁུར་ཤུགས་ཆེ་ལེན་དགོས་པའི་ལམ་སྟོན་དང་། ད་རེས་བཀའ་ཤག་ནས་ཆེད་དུ་མངགས་ཆ་གནང་བ་ཞིག་ལ་བོད་མི་ཚོ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གནང་དགོས་རྒྱུ་ཤིན་ཏུ་གལ་གནད་ཆེ་བ་དང་། གསུམ་བཅུའི་དུས་དྲན་སོགས་ལ་བོད་མི་གང་མང་མང་མཉམ་ཞུགས་ཐུབ་ཐབས། བོད་མི་ཚོས་སོ་སོའི་སྒྲིག་འཛུགས་དང་སྐུ་ཚབ་ཁག་ལ་འཕྱར་བ་གྲུ་འདེགས་གནང་སྟེ་ཚང་མས་ཤུགས་སྣོན་བརྒྱབ་རྒྱུ་གལ་ཆེ་ཡིན་པས། དེ་རིང་འདིར་ཕེབས་མེད་པའི་བོད་མི་གཞན་ཚོ་ལ་ཡང་ལན་གསལ་པོ་སྤྲོད་རོགས་ཞེས་འབོད་སྐུལ་གནང་རྗེས། དྲི་བ་དྲིས་ལན་སྐབས་བོད་ཀྱི་མི་འབོར་སྐོར་དང་། བོད་མི་ནང་ཁུལ་འཆམ་མཐུན། སློབ་ཡོན་སོགས་ཀྱི་སྐོར་ཆུ་ཚོད་གསུམ་ལྷག་ཕན་ཚུན་གོ་བསྡུར་དང་བསམ་འཆར་ཁག་ལ་ལན་འདེབས་དང་གསལ་བཤད་གནང་།
ཕྱི་ཟླ་ ༧ ཚེས་ ༡ ཉིན་གང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་གནང་བའི་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་གསུང་བཤད་དང་། ཕྱི་དྲོ་སྐུ་ཚབ་དོན་ཁང་དབུ་བརྙེས་ནས་ལོ་ ༢༠ འཁོར་བའི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པར་མཐུན་འགྱུར་གནང་མཁན་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་སྐུ་ཚབ་ལ་ལེགས་སོའི་མཇལ་དར་གནང་། དགོང་དྲོ་ཐེ་ཝན་དོན་ཁང་གིས་བཀའ་བློན་མཆོག་ལ་ཕེབས་བསུའི་གསོལ་སྟོན་གོ་སྒྲིག་ཞུས་ཏེ། དུས་རྒྱུན་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་ཁག་དང་། དོན་ཁང་གི་ལས་འགུལ་ཆེ་འབྲིང་ཆུང་གསུམ་ལ་རོགས་པ་བྱེད་པར་ཡོང་མཁན་བོད་མི་ཁག་གཅིག་ལ་གསུང་བཤད་དང་ལེགས་སོའི་དཀར་གཙང་ཁ་བཏགས་རེ་གནང་།
འཕྲོད་བསྟེན་བཀའ་བློན་མཆོག་ཐེངས་འདིའི་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་སྐབས་གཙོ་བོ་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་ཁག་དང་། འཕྲོད་བསྟེན་དང་འབྲེལ་བའི་མི་སྣ་མཇལ་འཕྲད། ས་གནས་བོད་མིར་ཐུགས་འཕྲད་གནང་བ་ཕུད། གཞུང་འབྲེལ་མིན་པའི་ཚོགས་པ་དང་། དགེ་རྒན་ཆེན་མོ་ཁག་གཅིག་མཉམ་མཇལ་འཕྲད་གནང་ཡོད།
ཐེངས་འདིའི་ཐེ་ཝན་གྱི་གཞུང་འབྲེལ་འཚམས་གཟིགས་ཁག་ལེགས་གྲུབ་བྱུང་ནས་ཚེས་ ༢ ཐོ་རེངས་ཐེ་ཝན་ནས་ཉི་ཧོང་ཁུལ་དུ་ཕེབས་ཐོན་གནང་ཡོད་པ་བཅས།།