ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱི་གོ་སྒྲིག་ཐོག་རང་རིགས་མཐོ་སློབ་ཐོན་ཟུར་སྡེ་ཁག་གཅིག་ལ། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་ལྔ་པ་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ ཉིན་དབུ་འབྱེད་ཀྱི་མཛད་སྒོ་བསྐྱངས་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། སློབ་དགེ་སྔགས་རམས་པ་ཡོན་ཏན་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང། དེའི་རྗེས་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་དབང་འདུས་མཆོག་དང། ཧོན་སུར་རབ་གླིང་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་ཕེབས་ཡོད་པ་ལྟར། རང་ཅག་བོད་གངས་ཅན་པའི་གཅེས་ནོར་ཆོས་དང་རིག་གཞུང་གི་ཁྱད་གནད་འགྲེལ་བརྗོད་དང་། དེ་དག་རང་རེས་གལ་ཆེའི་རང་བཞིན་དུ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་བྱ་བར་ཇི་ལྟར་འཇུག་ཚུལ་ལས་བརྩམས་པའི་གསུང་བཤད་གནད་འཁེལ་གནང་ཡོད།
ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་དམིགས་བསལ་ལས་འཆར་འདིའི་འགན་ཁུར་བ་བསྟན་འཛིན་ཟླ་སྒྲོན་ལགས་རྡ་ས་ནས་ཆེད་ཕེབས་གནང་དོན་བཞིན་ལས་འཆར་དང་འབྲེལ་བའི་གསུང་བཤད་དང་། སློབ་ཕྲུག་ངོ་སྤྲོད་བཅས་གནང་སྐབས། ཐེངས་འདིའི་ཟབ་སྦྱོང་ནང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་གྲངས་ ༡༦ དངོས་སུ་བྱུང་ཡོད་པ་དང་ད་དུང་མཐོ་སློབ་ཐོན་པའམ་ཐོན་ལ་ཉེ་བ། ཡང་ན་སློབ་ཕྲུག་དོ་འབྱིངས་ཡོད་པ་རྣམས་འཛུལ་ཞུགས་བྱེད་མཁན་བྱུང་ན་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཕྱི་ཟླ་ ༧ ནང་བཅུག་རྒྱུའི་བཀའ་འཁྲོལ་དང་དགོངས་བཞེད་ཡོད་ཅེས་གསུངས་ཡོད།
ཟབ་ཁྲིད་ཀྱི་བསླབ་གཞི་ནི། བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་སོགས་དང། ནང་དོན་རིག་པའི་གཞུང་ལུགས་ལས་གྲུབ་མཐའ། དབུ་ཕར། ཚད་མ། མཛོད་དང་སྔགས་བཅས་ཀྱི་གཞུང་ཚན་སྙིང་བཏུས་རེ་བསླབ་གཞིར་ཡོད་པ་དང། དེ་འབྲེལ་བློ་རིག་དང་རྟགས་རིགས་སོགས་རིགས་ལམ་སློབ་ཁྲིད་དང་རྩོད་པ་ཡང་ཡོད།
འདས་པའི་ཟབ་ཁྲིད་ཐེངས་བཞི་ལ་སློབ་ཕྲུག་ངོ་གྲངས་བསྡོམས་དྲུག་ཅུ་སྐོར་བྱུང་སྟེ་ཁོང་རྣམ་པའི་ནང་ཆོས་ཀྱི་གོ་རྟོགས་དང་བྱིན་མཐུས་ཕྱིའི་ཀུན་སྤྱོད་ཀྱི་གནས་ཚད་བཟང་དུ་ཕྱིན་པ་དང་བོད་ཀྱི་སྐད་ཡིག་ལ་དོ་དབྱིངས་སྔར་ལྷག་ཤུགས་སྣོན་ཐེབས་ཡོད་པ་མཐོང་ཚུལ་བྱུང་ཡོད།
མཛད་སྒོ་དངོས་གཞི་གྲོལ་རྗེས་འབྲེལ་ཡོད་རྒྱུད་སྨད་དགོན་པར་མཆོད་མཇལ་དུ་འཁྲིད་དེ་དགོན་པའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང། ཉིན་རྒྱབ་དུ་སྒྲིག་འཛུགས་དང་སློབ་ཚན་བཅས་གསལ་བསྒྲགས་གནང་སྟེ་ཐེངས་འདིའི་ཟབ་ཁྲིད་ཀྱི་སྔོན་འགྲོའི་ལས་རིམ་རྣམས་ལེགས་གྲུབ་བྱུང་སྟེ་ཕྱི་ཚེས་ ༢ ནས་འཛིན་གྲྭ་ཁག་དངོས་གཞི་ཚུགས་རྒྱུ་ཡིན་པ་བཅས།།