ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་རྩིས་སྤྲོད་དགོས་རབས་བཤད་ནས་རྒྱ་ནག་དམར་ཤོག་གཞུང་གིས་མཚོ་སྔོན་མགོ་ལོག་ཁུལ་པདྨ་རྗོང་དུ་ཡོད་པའི་ཁོང་གི་ཨ་མ་གཙོས་པའི་ནང་མི་ཚོར་གང་བྱུང་ཉེས་ཆད་བཏང་འདུག
རང་ལོ་ ༣༥ ཡིན་པའི་བསྟན་འཛིན་འོད་ཟེར་གྱིས་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་གསལ་བཤད་གནང་བ་ལྟར་ན། ས་གནས་སྤྱི་བདེ་ཉེན་རྟོག་པས་དགུང་ལོ་ ༦༩ ཡིན་པའི་ཁོང་གི་ཨ་མ་སྨོན་ལམ་སྐྱིད་ཕྱི་ཟླ་ ༥ ཚེས་ ༢༣ ནས་ཕྱི་ཟླ་ ༦ ཚེས་ ༦ ཉིན་བར་གང་བྱུང་བཀག་ཉར་བྱས་ཡོད་པ་དང་། འདས་པའི་བདུན་ཕྲག་གཉིས་རིང་ས་གནས་སྤྱི་བདེ་ཉེན་རྟོག་པས་ཁོང་མོ་གསལ་ཁ་མེད་པའི་ས་ཆ་ཞིག་ཏུ་བཀག་ཉར་གྱིས་བུ་བསྟན་འཛིན་འོད་ཟེར་གར་ཡོད་ཅི་བྱེད་སྐོར་ལ་འདྲི་གཅོད་བྱས་ཤིང་། གློད་གྲོལ་བཏང་རྗེས་ཁོང་མོ་རྒྱུན་ལྡན་མིན་པ་ལྟ་བུ་ཆགས་ཡོད་པར་གཞིག་ན། བཀག་ཉར་ཁང་དུ་ཉེན་རྟོག་པས་ཁོང་མོར་འདྲི་གཅོད་བྱས་ཡོད་པར་སྣང་། དེ་ཡང་བསྟན་འཛིན་འོད་ཟེར་གྱིས་འདི་ག་ལྟེ་གནས་ཁང་ལ། ད་ཆར་ངའི་ཨ་མས་སྐད་ཆ་འབྲེལ་མི་ཆགས་པ་ལྟ་བུ་གསུང་གི་འདུག་པས། ང་ཁོང་མོའི་བདེ་ཐང་ལ་ཧ་ཅང་སེམས་ཁྲལ་སྐྱེ་ཡི་འདུག ཅེས་བརྗོད་སོང་།
ཕྱི་ཟླ་ ༥ ཚེས་ ༢༢ ཉིན་རྒྱ་ནག་ས་གནས་སྤྱི་བདེ་ཉེན་རྟོག་པ་པདྨ་རྫོང་གྲུབ་ཆེན་ཡུལ་ཚོ་དབལ་ཤུལ་རཱོ་སྡེ་བའི་བོ་ཆུང་ཁེན་དམར་ཚང་ལ་ཡོང་སྟེ། ཁོང་ཚང་གི་བུ་བསྟན་འཛིན་འོད་ཟེར་གར་ཡོད་ཅི་བྱེད་སྐོར་ལ་རྩད་གཅོད་བྱས་པ་དང་ཕྱི་ཉིན་བསྟན་འཛིན་འོད་ཟེར་གྱི་ཨ་མ་སྨོན་ལམ་སྐྱིད་གང་བྱུང་བཀག་ཉར་བྱས་ཡོད་འདུག བསྟན་འཛིན་འོད་ཟེར་གྱིས། སྐབས་དེར་ཉེན་རྟོག་པས་ཡིག་ཆ་ཞིག་ཁྱེར་ཡོང་ནས་ཡིག་ཆ་དེ་ལ་ལྟ་བཞིན་ང་གར་ཡོད་ཅི་བྱེད་སྐོར་རྩད་གཅོད་བྱས་ཡོད་པ་དང་། ཡིག་ཆ་དེའི་ནང་དུ་ང་དང་ངའི་ནང་མི་ཁག་ཅིག་གི་གནས་ཚུལ་འཁོད་ཡོད་འདུག ཅེས་བརྗོད་བྱུང་། རྒྱ་གཞུང་གིས་བསྟན་འཛིན་འོད་ཟེར་གྱི་ནང་མི་ཚོར་གལ་ཏེ་ཁོང་རྩིས་སྤྲོད་མ་བྱས་ན། མཇུག་འབྲས་ཚབས་ཆེན་ཡིན་པའི་འཇིགས་སྐུལ་ཡང་བཏང་འདུག ཨ་མ་སྨོན་ལམ་སྐྱིད་སྔོན་ཆད་ས་ཁུལ་དེའི་གཞི་རིམ་སློབ་གྲྭའི་དགེ་རྒན་ཡིན་ཞིང་། ཕྱིས་སུ་རྒན་ཡོལ་ཞུས་ནས་རྒན་ཆོས་ ༼ཡར་ལོག༽ བྱས་ཡོད་པ་རེད།
ཕྱི་ཟླ་ ༦ ཚེས་ ༦ གི་རྗེས་སུ་རྒྱ་གཞུང་གིས་ད་དུང་བསྟན་འཛིན་འོད་ཟེར་གྱི་སྲིང་མོ་ས་གནས་གཞུང་འབྲེལ་སྨན་ཁང་གི་སྨན་ཞབས་ལས་གནས་ནས་ཕྱིར་ཕུད་བཏང་བར་མ་ཟད། རྒྱ་ནག་ས་གནས་གསེར་གཏེར་སྔོག་འདོན་ཚོང་གཉེར་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱིན་པའི་ཁོ་མོའི་བཟའ་ཟླ་ཡང་ལས་གནས་ནས་ཕྱིར་བསྐྲད་པ་དང་། ཁོང་ཚོང་གི་ཚལ་ཞིང་དང་ཟ་འབྲུ་ཉོ་བྱེད་ཀྱི་བྱང་བུ་སོགས་གཞུང་བཞེས་བཏང་འདུག
ཕྱི་ལོ་ ༡༩༩༧ ལོར་རང་ལོ་ ༡༤ ཡིན་པའི་བསྟན་འཛིན་འོད་ཟེར་དང་ཁོང་གི་མ་སྤུན་ཕུ་བོ་གྲྭ་རྡོ་ཕྲུག དེ་བཞིན་དགེ་འདུན་གཞན་ཁག་ཅིག་བཅས་ཀྱིས་མགོ་ལོག་པདྨ་རྫོང་ཐོག་ཏུ་བོད་རང་བཙན་གྱི་ཡིག་ཆ་བཀྲམ་ཡོད་པ་དང་། ངོ་རྟགས་མ་ཆོད་པའི་དགེ་འདུན་དེ་དག་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཕྱོགས་ནས་ཡིན་ཞིང་། ཁོང་ཚོ་མགོ་ལོག་པདྨ་རྫོང་དུ་སློབ་གཉེར་བྱེད་དུ་ཡོང་ཡོད་འདུག ལོ་དེར་བསྟན་འཛིན་འོད་ཟེར་ས་གནས་སྤྱི་བདེ་མི་སྣས་འཛིན་བཟུང་གིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་ཏུ་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང་། བཙོན་འཇུག་གི་ལོ་ཚད་མ་ལོང་བར་བརྟེན་ནས་ཟླ་ ༦ རིང་བཀག་ཉར་ཁང་དུ་བསམ་བློའི་སློབ་གསོ་སྤྲད་ནས་གློད་གྲོལ་དགོས་བྱུང་ཡོད་པ་དང་། ཁོང་གློད་གྲོལ་གཏོང་སྐབས་ཟླ་རེར་ས་གནས་ཉེན་རྟོག་ཁང་ལ་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་ཕྱིར་དགོན་པར་སོང་མི་ཆོག་པའི་བཀོད་ཁྱབ་བཏང་འདུག སྐབས་དེར་བསྟན་འཛིན་འོད་ཟེར་རྡོ་གྲུབ་ཆེན་དགོན་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་གི་གྲྭ་བ་ཡིན་པ་རེད།
བསྟན་འཛིན་འོད་ཟེར་གྱིས་རྒྱ་ནག་དམར་ཤོག་གཞུང་ནས་འདས་པའི་མི་ལོ་བཅུ་ཕྲག་མང་པོའི་སྔོན་ཏེ་ཁོ་རང་བོད་ནང་དུ་ཡོད་སྐབས་ཆབ་སྲིད་ལས་འགུལ་ནང་ཞུགས་རབས་བཤད་ནས་ཁོ་དམིགས་འབེན་དུ་བཟུང་ཡོད་པ་ཤེས་རྟོགས་བྱུང་མེད་པའི་སྐོར་ལ། རྒྱ་གཞུང་གིས་འདི་ལྟར་བྱེད་དོན་ཅི་ཡིན་པ་ངས་མི་ཤེས། ངའི་སེམས་ཁུར་ཆེ་ཤོས་དེ་ངའི་ཨ་མ་དང་ནང་མི་ཚོ་བོད་ནང་དུ་ཡོད་པ་དེ་ཡིན་ལ། ལྷག་པར་དུ་ངའི་ཨ་མར་ཉེས་པ་ཅི་ཡང་ཡོད་པ་མ་རེད། འདས་པའི་མི་ལོ་བཅུ་ཕྲག་རིང་ཁོང་མོས་དགེ་རྒན་གྱི་ཞབས་ཞུ་བསྒྲུབས་མྱོང་ཡོད་པ་རེད། རྒྱ་གཞུང་གིས་ཁོང་མོར་འདི་ལྟའི་ལྟ་སྟངས་འཛིན་དོན་ཡོད་པ་མ་རེད། ང་ལ་ད་དུང་ངའི་སྲིང་མོ་དང་མག་པ་གཉིས་ལ་སེམས་ཁྲལ་སྐྱེ་ཡི་འདུག ལས་ཀ་མེད་པར་ཁོང་གཉིས་ཀྱིས་འཚོ་གནས་ཅི་ལྟར་འཛིན་ནམ། ཞེས་བརྗོད་སོང་།
ད་ལྟ་རང་ལོ་ ༤༠ ཡས་མས་ཤིག་ཡིན་པའི་ཁོང་གི་མ་སྤུན་ཕུ་བོ་རྡོ་ཕྲུག་ནི་མགོ་ལོག་ཁུལ་པདྨ་རྫོང་སྡི་མདའ་ཡུལ་ཚོར་ཡོད་པའི་སྡི་མདའ་དགོན་པའི་གྲྭ་བ་ཡིན་ཞིང་། བོད་རང་བཙན་སྐོར་གྱི་ཡིག་ཆ་བཀྲམ་པར་རྐྱེན་གྱིས་མི་ལོ་༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ཕྱི་ལོ་ ༢༠༠༣ ལོར་གློད་གྲོལ་བཏང་ཡང་། ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་ནང་མཉམ་ཞུགས་བྱས་པར་བརྟེན་ནས་རྒྱ་གཞུང་གིས་ཁོང་ཡང་བསྐྱར་འཛིན་བཟུང་གིས་ད་དུང་བཙོན་ཁང་དུ་ལྷག་ཡོད་ཅིང་། ཕྱི་ལོ་ ༢༠༠༨ ལོར་ཁོང་ལ་ཁྲིམས་ཆད་ལོ་ག་ཚོད་བཅད་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་རེད།
བསྟན་འཛིན་འོད་ཟེར་ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་ནང་བྲོལ་བྱོལ་དུ་བྱོར་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭ་དང་རྒྱ་གར་སློབ་གྲྭ་ཤཱ་རེ་མཱ་ཧན་ཊ་གཞུང་སློབ། ཤཱ་རེ་གྷུ་རུ་རམ་ཧེ་རླངས་འཁོར་ལག་རྩལ་སློབ་གླིང་བཅས་ནས་སློབ་གཉེར་གནང་ཞིང་། ད་ལྟ་སེ་ལ་ཀོལ་བོད་ཁྱིམ་གྱི་ལས་བྱེད་ཡིན་འདུག
འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གིས་བསྟན་འཛིན་འོད་ཟེར་རྩིས་སྤྲོད་དགོས་རབས་བཤད་ནས་ཁོང་གི་ནང་མི་ཚོར་གང་བྱུང་བརྡབ་གསིག་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། རྒྱ་གཞུང་གིས་བསྟན་འཛིན་འོད་ཟེར་གྱི་སྲིང་མོ་དང་མག་པ་གཉིས་ལ་ལས་གནས་སྤྲོད་དགོས་པར་མ་ཟད། ཁོང་ཚང་གི་ཚལ་ཞིང་དང་ཟ་འབྲུ་ཉོ་བྱེད་ཀྱི་བྱང་བུ་ཕྱིར་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་ཡ་ང་མེད་པར་ཉེས་མེད་བོད་མི་ཚོར་མི་སྤྱོད་ལས་འདས་པའི་སྡུག་རྩུབ་དང་ལས་གནས་ཁག་ནས་ཕྱིར་ཕུད་གཏོང་གིན་ཡོད་ལ། ལྷག་པར་དུ་དགུང་ལོ་བགྲེས་པོ་ཡིན་པའི་བསྟན་འཛིན་འོད་ཟེར་གྱི་ཨ་མར་སྡུག་རྩུབ་ཀྱི་བསམ་སྦྱོར་སྤེལ་ཡོད་པ་ལྟར། རྒྱ་གཞུང་གིས་མྱུར་དུ་བོད་ཀྱི་ཆབ་སྲིད་བཙོན་པ་དང་ཁོང་ཚོའི་ནང་མི་ཚོར་འཇིགས་སྐུལ་དང་བརྡབ་གསིག་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས། །