ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ ནས་ ༢༥ བར་ཨི་སི་རེལ་ Israel རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཨི་སི་རེལ་བོད་ཀྱི་གྲོགས་པོ་ Israel Friends of Tibetan People དང་། ཨི་སི་རེལ་ ROI Community ཞེས་པའི་ཚོགས་པ་གཉིས་ནས་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་ ROI Summit ཞེས་པའི་ཚོགས་ཆེན་ཐོག་གསུང་བཤད་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་བཅས་ལ་ཐུགས་འཕྲད་གནང་བ་སོགས་ས་གནས་སུ་ལས་འཆར་ཁག་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༢༤ ཉིན་གྲོང་ཁྱེར་ཊེལ་ཨེེ་ཝིབ་ Tel Aviv ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་༢༥ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༤ ཉིན་ཨི་སི་རེལ་ཡུལ་གྱི་ཇེ་རུ་ས་ལམ་གསར་ལས་ཁང་ Jerusalem Post ཞེས་པས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པའི་སྐོར་འཁོད་དོན། “ཕྱི་ལོ་ ༢༠༠༦ ལོར་ཡུལ་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་ཐེངས་གསུམ་པ་བསྐྱངས་གནང་མཛད་ཡོད་ཀྱང་། རྒྱ་གར་ནང་འཁྲུངས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡུལ་འདིར་ཕེབས་པ་ཆེས་ཐོག་མ་ཆགས་ཡོད།
ངག་འཇམ་པོའི་ཐོག་ནས་བཀའ་མོལ་གནང་མཁན་གྱི་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱལ་ཁབ་མེད་པའི་གནས་སྟངས་འོག་ནས་མི་མང་གི་འགོ་ཁྲིད་གནང་བཞིན་ཡོད། བོད་མི་ཚོ་ལྟར་སྲིད་སྐྱོང་མཆོག་ཀྱང་ཇིའུ་མི་རིགས་ཀྱིས་ལོ་ངོ་ ༢༠༠༠ རྗེས་རང་ཡུལ་དུ་ཕྱིར་ལོག་ཐུབ་པ་དེ་ལས་བློ་སྐྱེད་དང་སྙིང་སྟོབས་སྐྱེ་ནས་རྒྱ་ནག་ནས་རང་སྐྱོང་གི་གནས་བབ་ཐོབ་ཐབས་བྱེད་བཞིན་ཡོད།” ཅེས་འཁོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་ལས་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། “ང་ཚོས་དུས་རྟག་ཏུ་རེ་བ་བཟང་ས་ནས་རྒྱག་བཞིན་ཡོད། གལ་ཏེ་ཇིའུ་མི་རིགས་ཚོས་དུས་ཡུན་དེ་ཙམ་རིང་འབད་བརྩོན་གནང་ཐུབ་ཚེ་ང་ཚོ་བོད་མི་ཚོས་ཀྱང་འབད་བརྩོན་དེ་ལྟར་བྱེད་ཐུབ་པ་དགོས། འོན་ཀྱང་ལོ་ངོ་ ༢༠༠༠ ཟེར་བ་དུས་ཡུན་ཧ་ཅང་རིང་པོ་ཞིག་རེད། ང་ཚོས་དུས་ཚོད་དེ་འདྲ་མ་འགོར་བའི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། “ཅེས་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇིའུ་དང་ཁ་ཆེ་སོགས་ཀྱིས་ཧ་ཅང་རྩ་ཆེར་རྩི་བཞིན་པའི་གྲོང་ཁྱེར་ཇེ་རུ་ས་ལམ་ནང་གི་ནུབ་ཀྱི་གྱང་ངོས་ Western Wall ཞེས་པ་དེར་ཆེད་ཕེབས་ཀྱིས་བོད་མིའི་རང་དབང་སླར་གསོའི་ཆེད་སྨོན་ལམ་གསུང་འདོན་གནང་ཡོད་སྐོར་གསར་ཤོག་དེའི་ནང་འཁོད་འདུག
དེ་ཡང་གནས་མཇལ་དེའི་ཐོག་སྲིད་སྐྱོང་མཆོག་གིས་ “གྱང་འདིར་འོ་དོད་གྱང་། Wailing Wall ཞེས་ཀྱང་འབོད་སྲོལ་ཡོད། དེ་སྔ་མི་མང་ས་ཡ་མང་པོས་མིག་ཟུང་མཆིལ་མས་བསྐངས་ནས་གྱང་དེར་འོ་དོད་འབོད་བཞིན་དུ་བཙན་བྱོལ་བ་ཇིའུ་མི་རིགས་ཚོར་རང་ཡུལ་དུ་མགྱོགས་མྱུར་ཕྱིར་ལོག་ཐུབ་པར་ཤོག་ཅེས་སྨོན་ལམ་བརྒྱབ་ཡོད།
ཁྱེད་ཚོས་ཉི་མ་དང་ལོ་བསྟུད་ནས་ཡ་ཧུ་ད་བའི་སྒྲོལ་སྟོན་ Passover ཉིན་སྨོན་ལམ་གསུང་འདོན་གནང་བཞིན་ཡོད་པ་ལྟར། འདི་ལོར་མཚོན་ནའང་ཇིའུ་མི་རིགས་ཡོད་ས་དཔེར་ན་གྲོང་ཁྱེར་ནིའུ་ཡོག་དང་ལོན་ཌོན་ནང་སྨོན་ལམ་གསུང་འདོན་གནང་ཡོད། འཆར་ལོའི་ནང་ཇེ་རུ་ས་ལམ་ནང་གནང་རྒྱུ་རེད། སྨོན་ལམ་བརྒྱབ་པའི་འབྲས་བུར་བསམ་དོན་གྲུབ་ཡོད། བོད་མི་ཚོར་མཚོན་ནའང་བསམ་བློའི་ནང་གི་རེ་བ་དང་ཡིད་ཆེས་དེ་མཚུངས་ཡོད། བོད་མི་ས་ཡ་དྲུག་གིས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ནང་ཕྱིར་༸ཞབས་སོར་འཁོད་ཐུབ་ན་བསམ་ནས་རེ་སྨོན་ཞུ་བཞིན་ཡོད། འདས་པའི་ལོ་ངོ་ ༦༠ རིང་བོད་མི་སྟོང་ཕྲག་མང་པོའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ནང་གདན་འདྲེན་ཞུ་ཐུབ་ན་བསམ་པའི་ངང་ནས་རང་གི་ཚེ་སྲོག་ཤོར་ཡོད། བོད་མི་ཚོས་ཀྱང་ཇིའུ་མི་རིགས་ལྟར་བཙན་བྱོལ་ནང་དུ་རང་གི་ཆོས་དང་ལེགས་བྱང་སྲུང་སྐྱོབ་བྱེད་བཞིན་ཡོད།
བོད་མི་ཚོར་རྒྱབ་སྐྱོར་བྱས་ཟེར་བ་ནི་འཚེ་མེད་ཞི་བ་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་ཇི་ཙམ་བརྩི་བཀུར་ཞུ་མིན་ཚོད་ལྟ་བྱས་པ་ལྟ་བུ་ཞིག་ཡིན། ཐེངས་འདིར་ང་ཚོས་ཡུལ་འདིའི་ཆབ་སྲིད་དབུ་ཁྲིད་ཚོར་ཚོད་ལྟ་ཞུས་མེད། ལོ་རྗེས་མར་ཚོད་ལྟ་ཞུ་ཐུབ་རྒྱུའི་རེ་བ་ཡོད། སྤྱིར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་ Barack Obama མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད། དེར་བརྟེན་བོད་དོན་ལ་རྒྱབ་སྐྱོར་གནང་བ་དང་ལྷན་རྒྱ་ནག་དང་འབྲེལ་བ་རྒྱུན་སྐྱོང་གནང་ཐུབ་རྒྱུ་ཡིན་པ་གསལ་པོ་རེད། གལ་ཏེ་ཨ་རིའི་གཞུང་གིས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཐུབ་ཚེ་ཨི་སི་རེལ་སྲིད་གཞུང་གི་དབུ་ཁྲིད་རྣམ་པས་ཀྱང་དེ་མཚུངས་བོད་དོན་ལ་རྒྱབ་སྐྱོར་གནང་ཐུབ་རྒྱུ་རེད། “ཅེས་གསུངས།
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱོགས་ཕེབས་སྐབས་ཀྱི་གནས་ཚུལ་དེ་དག་ཆེད་མངགས་སྦིར་གྲགས་མེད་པར་སྤམ་པོའི་ཐོག་བཞག་ཡོད་འདུག གསར་འགོད་པས་ཨི་སི་རེལ་དང་པེ་ལི་སི་ཊི་ནེན་རྩོད་རྙོག་ Israeli-Palestinian conflict སྐོར་གྱི་དྲི་བར་ལན་འདེབས་གནང་མེད། འོན་ཀྱང་སྲིད་སྐྱོང་མཆོག་གིས་རྩོད་རྙོག་ཇི་འདྲ་ཞིག་ཡིན་ཡང་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་སྐོར་དང་། ཡུལ་དེས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཐུབ་པའི་རེ་བ་ཡོད་སྐོར་གསུངས།
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨི་སི་རེལ་མང་ཚོགས་རྣམས་ལ་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་དང་། ལྷག་པར་བོད་ནི་ཨེ་ཤི་ཡའི་ཆུ་མགོ་ལྟ་བུ་ཆགས་ཡོད་སྐོར། བོད་ནང་གི་འགྲོ་བ་མིའི་གནས་སྟངས་ཐོག་རང་དབང་ཁང་པས་ Freedom House index གྲངས་ཐོ་བཏོན་པའི་ནང་སི་རི་ཡའི་ Syria རྗེས་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ཀྱིས་ཁུལ་བོད་ཡིན་སྐོར་འཁོད་ཡོད་པའི་སྐོར་དང་། གསར་འགོད་པ་ཚོ་བྱང་ཀོ་རི་ཡ་ North Korea ལས་བོད་ནང་འགྲོ་རྒྱུར་དཀའ་ལས་ཁག་པ་ཡོད་པ་ནི་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཡིན་སྐོར་སོགས་གསུངས། །