༢༠༡༨ ཟླ་ ༦ ཚེས་ ༡༩ རེས་གཟའ་མིག་དམར།
༄༅།།བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་ལས་ཁུར་ཞུས་ནས་ད་ཆ་ལོ་གཉིས་ཧྲིལ་པོ་འཁོར་བར་བརྟེན། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ལ་དཔལ་འབྱོར་ལས་ཁུངས་ཀྱིས་ལོ་གཉིས་ནང་ལས་དོན་གང་ཅིར་དམིགས་ཡུལ་དང་གྲུབ་འབྲས། མ་འོངས་འཆར་སྣང་དང་གདོང་ལེན་གནང་དགོས་པའི་གནད་དོན་སོགས་དང་འབྲེལ་ནས་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་པདྨ་ཚེ་རིང་ལགས་ཀྱིས་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
གསར་འགོད་པས། དཔལ་འབྱོར་ལས་ཁུངས་ཀྱི་ལས་འགན་གཙོ་བོ་དང་ལས་དོན་གྱི་ངོ་བོ་གང་ཡིན་ནམ།
བཀའ་བློན་མཆོག་གིས། སྤྱིར་བཏང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གསུམ་པའི་ནང་སྒྲིག་འཛུགས་ཀྱི་བྱེད་སྒོ་ལམ་སྟོན་དོན་ཚན་ ༡༥ ནང་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས་སྐོར་ལ་ཡིན། བོད་དོན་བདེན་མཐའ་གསལ་ཐབས་ནི་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་སླད་དང་། བོད་ནང་གི་བོད་མིའི་ཆབ་སྲིད་དཀའ་ངལ་སེལ་བའི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་སྐབས་བཅོ་ལྔའི་ལས་འགན་གཙོ་བོ་གཅིག་ཆགས་ཡོད།
གཉིས་པ་ནི་ཁོར་ཡུག་གི་གནས་བབ་ལ་ཆ་མཚོན་ན་བོད་ཀྱི་ཁོར་ཡུག་གནད་དོན་ནི་བོད་མི་ཙམ་མ་ཟད་ཨེ་ཤི་ཡ་དང་འཛམ་གླིང་སྤྱི་ལའང་འབྲེལ་བ་ཡོད་སྟབས། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཐོག་ལ་བཙན་བྱོལ་སྤྱི་ཚོགས་ཀྱིས་འགན་འཁྱེར་དགོས། དོན་ཚན་ ༡༥ དེ་སྤྱི་ཚོགས་བདེ་དོན་རེད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་། བདེ་བ་སྐྲུན་སླད། ཚགས་ཚུད་ཡོང་ཐབས་བཅས་ཀྱི་འགན་དེ་བཀའ་ཤག་ལ་ཡོད། དེ་བཞིན་དོན་ཚན་ ༡༧ ནང་ཤེས་ཡོན་སྐོར་དང་། དོན་ཚན་ ༡༨ དེ་འཕྲོད་བསྟེན་སྐོར་ཡིན། རིམ་པ་བྱས་ནས་བཀའ་ཤག་འགན་གཙོ་བོ་དེ་དག་ཆགས་ཡོད།
སྐབས་སུ་བབ་པའི་དཔལ་འབྱོར་ལས་ཁུངས་ཀྱི་འགན་གཙོ་བོ་ནི་ང་ལ་བབ་ཡོད། དཔལ་འབྱོར་ལས་ཁུངས་ཀྱི་ཚན་པ་ཚང་མ་གལ་ཆེན་པོ་རེད། དེའི་ནང་ནས་སྔོན་རྩིས་སྡེ་ཚན་དེ་གལ་ཆེ་ཤོས་ཤིག་ཆགས་ཡོད། སྔོན་རྩིས་སྡེ་ཚན་གྱི་ལས་འགན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། རང་དབང་ཅན་གྱི་ལས་ཁུངས། མང་གཙོའི་ཀ་བ་གསུམ། དེ་བཞིན་ས་གནས་ཁག་གི་སྔོན་རྩིས་ཆ་ཚང་ཕྱོགས་བསྡོམས་དང་ཞིབ་འཇུག་བྱས་ནས་བཀའ་ཤག་ལ་སྙན་གསེང་ཞུ་དགོས། བཀའ་ཤག་གི་རྒྱབ་གཉེར་ཐོབ་མཚམས་གྲོས་ཚོགས་ནང་སྤྱན་འབུལ་ཞུ་དགོས། འདས་པའི་བཀའ་ཤག་སྐབས་ ༡༥ ལོ་གཉིས་ཀྱི་དུས་ཡུན་རིང་ཚད་དང་ལྡན་པ་ཞིག་ཕུལ་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་སྔོན་རྩིས་དེ་འཆར་འབུལ་དང་ཚོད་དཔག་ཡིན་པར་བརྟེན་རོགས་ཚོགས་གསར་པ་ཐོབ་སླད་དང་། ལས་གཞི་གསར་པ་སྤེལ་སླད་བར་བརྒལ་བཀའ་འཁྲོལ་ཞུ་རྒྱུའི་ཐད་འགན་ཆ་ཚང་སྔོན་རྩིས་སྡེ་ཚན་གྱིས་འཁྱེར་བཞིན་ཡོད།
ལོ་གཅིག་ལ་དུས་བཀག་གཉིས་ཐོག་ནས་སྔོན་རྩིས་ཀྱི་རྒྱུན་གྲོན་བཀའ་འཁྲོལ་ཡོད་པ་དེ་ལ་དངུལ་འབོར་འགའ་ཤས་ལྷག་དང་ཆད་པ་ཡིན་ན། ག་སྒྱུར་ཐོག་ནས་ལས་ཁུངས་སོ་སོས་གང་ཕུལ་བ་རྣམས་དཔལ་འབྱོར་ལས་ཁུངས་ཀྱི་ཞིབ་འཇུག་བྱས་ནས་རྒྱབ་གཉེར་འབུལ་རྒྱུའི་འགན་ཞིག་ཡོད། སྡེ་ཚན་གཉིས་པ་དེ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་རེད། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་མ་དངུལ་ཐབས་འཚོལ་དང་། རོགས་དངུལ་གསར་པ་འཚོལ་སླད། དེ་བཞིན་རོགས་དངུལ་རྣམས་བགོ་འགྲེམ་ཚད་ལྡན་བྱས་པ་གཞིར་བཟུང་ལས་གཞི་ལག་བསྟར་བྱེད་རྒྱུའི་ཐད་དེ་སྔ་དང་མི་འདྲ་བར་ལས་བྱེད་མང་དུ་བཏང་བ་དང་སྦྲགས་ལས་གཞི་རྒྱ་ཆེ་རུ་གཏང་རྒྱུ་ཡིན།
ལྷག་པར་ལས་ཁུངས་ཁག་གི་ལས་འཆར་ཚན་པའི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་ལྷན་དུ་གྲོས་བསྡུར་ཞུས་ཏེ་རོགས་ཚོགས་དང་ལྷན་བཀའ་བསྡུར་གནང་ནས་དཔྱད་པ་བྱ་རྒྱུའི་ལས་རིམ་ཞིག་བང་བསྒྲིགས་ཡོད། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ SARD སྡེ་ཚན་ནང་ཚན་པ་ཁ་ཤས་ཡོད། དང་པོ་དེར་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་ Women Empowerment Desk རེད། དེ་སྔ་ཚན་པ་དེ་ནང་སྲིད་ལས་ཁུངས་ནང་ཡོད་སྐབས་དམིགས་བསལ་ཚོགས་ཆེན་ཞིག་གོ་སྒྲིག་ཞུས་འདུག སྐབས་དེར་དེ་སྔའི་བཀའ་ཤག་གི་བུད་མེད་ནུས་སྟོབས་དང་འབྲེལ་བའི་སྲིད་བྱུས་ཐོག་ལ་བསྐྱར་ཞིབ་བྱས་རྗེས་ཚོགས་ཆེན་དེ་ནས་བསམ་འཆར་གང་བྱུང་བ་སྙིང་བསྡུས་བཟོས་ཏེ་བཀའ་ཤག་གིས་མཐའ་མའི་གཏན་འབེེབས་གནང་རྗེས་བུད་མེད་ནུས་སྟོབས་གོང་འཕེལ་དེ་རྒྱ་ཆེན་པོ་དང་། གནས་ཚད་མཐོ་རུ་སོང་བ། དེ་བཞིན་བུད་མེད་ཀྱི་འཕྲོད་བསྟེན་གྱིས་གཙོས་སྲིད་བྱུས་དེའི་དགོངས་དོན་ལྟར། ཚན་པས་འདིས་ད་བར་ལས་དོན་ཚད་ལྡན་ཞིག་གནང་མུས་ཡིན།
དེ་ནས་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་ Tibet Corps ནི་དེ་སྔོན་བཀའ་ཤག་གི་འགན་བཞེས་ཀྱི་ཡོད། ཕྱིས་སུ་དཔལ་འབྱོར་ལས་ཁུངས་ཀྱི་འགན་བཞེས་མུས་ཡིན། བཀའ་ཤག་སྐབས་ ༡༥ དུས་ཡུན་གྱི་རྩིས་ལོ་དང་པོའི་ནང་། དང་ཞབས་པ་མི་གྲངས་བཅོ་ལྔ་ཙམ་ལས་མེད། དེ་ནས་དང་ཞབས་པ་མི་གྲངས་ཉི་ཤུ་རྩ་ལྔ་ཕེབས་པ་མ་ཟད། འགྲོ་བཞིན་པའི་འདི་ལོའི་རྩིས་མགོ་ཟླ་བ་ཁ་ཤས་ལས་སོང་མེད་ཀྱང་དང་ཞབས་པ་བཅུ་དྲུག་གངས་སྐྱིད་ལས་ཁུངས་ཁག་འདྲ་མིན་ནང་ཞབས་ཞུ་སྒྲུབ་མུས་རེད། དམིགས་ཡུལ་གཙོ་བོ་ནི་བོད་མི་ཡིན་པ་གང་ཞིག་ལ་རྒྱ་གར་དང་ཕྱི་རྒྱལ་ནང་འཚར་ལོངས་བྱུང་བ་གང་ཞིག་ཤེས་ཚད་ཡག་པོ་ཡོད་པ་དང་། ཁྱད་ལས་པ་ཡིན་རུང་བོད་པའི་སྤྱི་ཚོགས་སུ་དང་བླངས་ཐོག་ཞབས་འདེགས་ཞུ་སླད་ཕེབས་པ་ཡིན་ན་ང་ཚོས་ལག་དངུལ་ཞིག་ཕུལ་གྱི་ཡོད། ས་གནས་དང་། དབུས་ཀྱི་ལས་ཁུངས་ཁག་གི་དགོས་མཁོ་བཞིན་སྤྱི་སྒེར་གཉིས་ཀའི་ཐོག་ནས་ཕན་ཐོགས་ཆེན་པོ་འདུག
ཚན་པ་གསུམ་པ་ནི། ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་སྡེ་ཚན་ Tibetan Entrepreneurship Development (TED) ཆགས་ཀྱི་ཡོད། དེ་སྔ་དཔལ་འབྱོར་ལས་ཁུངས་ཀྱིས་ཚོང་བརྒྱབ་པ་རེད། ཕྱིས་སུ་ཚོང་རྒྱག་རྒྱུ་མཚམས་བཞག་གནང་ཡོད། བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་གཏོང་ཆེད་བོད་མིའི་སྒྲིག་འཛུགས་ངོས་ནས་ཚོང་མ་རྒྱག་པར་མཐུན་འགྱུར་སྦྱོར་སྤྲོད་བྱེད་དགོས་ཀྱི་འདུག་ཅེས་དགོངས་བཞེས་དེ་ལྟར་འོག་བཀའ་ཤག་གོང་མའི་སྐབས་ནས་འགོ་བཙུགས་གནང་བ་ཞིག་རེད།
ཚོགས་ཆེན་སྔ་རྗེས་གཉིས་ཚོགས་ཐུབ་པ་བྱུང་བ་ལྟར་ལས་གཞི་ཡག་ཐག་གཅོད་འགྲོ་མུས་ཡིན། ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་བརྒྱུད་ནས་བོད་པའི་སྤྱི་ཚོགས་ནང་གི་ཚོང་པ་ཆེ་ཕྲ་ཆུང་གསུམ་ཚང་མར་རོགས་སྐྱོར་བྱ་རྒྱུ་དང་། ཚོང་པ་ནང་ཁུལ་འགྲན་བསྡུར་གྱི་ལམ་ནས་མ་དངུལ་མཐུན་འགྱུར་ཞུ་རྒྱུ་དང་། དེ་བཞིན་སྐྱེ་སྲིང་སྦྱོང་བརྡར་སྤྲོད་རྒྱུས་གཙོས་ཁྲལ་ taxation གྱི་ལམ་སྟོན་གྱི་ལས་གཞི་སོགས་ཚགས་ཚུད་པོ་འགྲོ་དང་འགྲོ་མུས་རེད།
འདི་ལོར་ཚོང་པ་ཆེ་ཕྲ་ཆུང་གསུམ་ལ་མཐུན་འགྱུར་སྦྱོར་སྤྲོད་ཀྱི་ལས་གཞི་གསར་པ་བང་སྒྲིག་ནས་འགྲོ་བཞིན་ཡོད། དེ་སྔ་བལ་ཡུལ་ཁུལ་ལ་མེད། བལ་ཡུལ་ཁུལ་དུ་ལས་བྱེད་ཆེད་མངགས་བསྐོ་གཞག་བྱས་ནས་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་དང་བྱེད་མུས་ཡིན། སྤྱི་ཚོགས་ཡར་རྒྱས་ཀྱི་ཐེབས་རྩའི་ཚན་པའི་ཁྱབ་ཁོངས་སུ་གདུང་སེམས་མཉམ་སྐྱེའི་ལས་གཞི་ཞིག་ཡོད། དེ་ནི་ཕྱིའི་རྒྱལ་ཁབ་ཁག་དང་རྒྱ་གར་ནས་བོད་ཀྱི་དྲང་བདེན་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དཔལ་འབྱོར་འདུ་འགོད་ཀྱི་ལག་དེབ་སྔོན་པོ་ཞིག་ཡོད། བོད་ཀྱི་རྩོ་དོན་ལ་ཕན་པ་དང་། ལག་དེབ་སྔོན་པོ་བརྒྱུད་ནས་དངུལ་གང་རག་པ་དེ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཐད་བདེ་སྤྱོད་བྱེད་ཀྱི་ཡོད། ལས་གཞི་འདི་ཉིད་གང་ཅིའི་ཐད་ཚགས་ཚུད་པོ་འགྲོ་མུས་ཡིན།
དེ་ནས་འཚོ་རྟེན་རོགས་སྐྱོར་ལས་གཞི་ཡིན། འདིའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་སྤྱི་ཚོགས་ནང་འཚོ་བའི་རྟེན་གཞི་ཞན་པ་དང་ཁ་ཐོར་གནས་སྡོད་རྣམས་ཀྱི་ཆེད་དུ་ཡིན། སྔ་ལོར་སུད་ཚོང་བོད་མིར་རོགས་སྐྱོར་ལས་གཞི་ལྟར་ཚགས་ཚུད་བྱུང་ཚེ་འདི་ལོ་ལས་གཞི་གསར་པ་ཁག་གསུམ་སྟེ། ༡ ༽ གླ་རྒྱུག་སྣུམ་འཁོར་རོགས་སྐྱོར། ༢ ༽ རྟ་དྲེལ་གླ་པོའི་རོགས་སྐྱོར། ༣ ༽ ལམ་ཟུར་རྒྱན་ཆ་རྩག་རྩིག་གི་ཚོང་ལས་རོགས་སྐྱོར། བཅས་ལས་གཞི་རྣམས་ཚགས་ཚུད་འགྲོ་དང་འགྲོ་མུས་ཡིན། འདས་པའི་དུས་ཡུན་ལ་དངུལ་འབོར་བགོ་འགྲེམ་ཞུ་ཐུབ་ཙམ་མིན་པར་ལས་གཞིར་རྟོག་ཞིབ་གནང་བ་དཔེར་ན། ཤེས་རིག་གི་ཐོག་ལ་སྤྱི་ཡོངས་ཀྱི་ཉམས་ཞིབ་རྒྱ་ཆེན་པོ་ཞིག་གནང་བ་དང་། བུད་མེད་ནུས་སྟོབས་ཀྱི་ཐད་ལའང་དཔྱད་པ་གནང་བ་མ་ཟད། ནང་སྲིད་ཁྱབ་ཁོངས་སོ་ནམ་ལས་གཞིའི་ཐོག་ལའང་དེ་མཚུངས་དཔྱད་ཞིབ་གནང་བ་དང་། ཕྱོགས་མཚུངས་ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་ལས་གཞི་སོགས་ལའང་དཔྱད་པ་གནང་ཡོད།
བཀའ་ཤག་སྐབས་ ༡༥ དགོངས་གཞི་གཞིར་བཟུང་ལྔ་དང་ལྔ་བཅུའི་སྲིད་བྱུས་འོག་སྒྲིག་འཛུགས་ཀྱི་དཔྱད་ཞིབ་ལས་གཞི་འགོ་བཙུགས་སྟེ་ཐོག་མར་དཔལ་འབྱོར་ལས་ཁུངས་ཀྱིས་འདས་པའི་ལོ་ལྔ་བཅུའི་རིང་གང་གནང་བ་དང་། ཡར་རྒྱས་གཏོང་དགོས་པའི་ལས་དོན་གང་ཡོད་མེད་སོགས་ཀྱི་ཐད་དཔྱད་ཞིབ་གནང་ཡོད། དཔྱ་ཁྲལ་ཚན་པ་ནི་ས་གནས་ཁག་གི་རང་བདེན་ཚོགས་ཆུང་ ༧༢ དང་། སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་སྤྱི་འཐུན་ཚོགས་པ་བརྒྱུད་ནས་དང་བླངས་དཔྱ་དངུལ་དང་ཟས་བཅད་ཀྱི་དངུལ་བབ། ཁྲིམས་ཡིག་དགོངས་དོན་གཙང་ཁེའི་བརྒྱ་ཆའི་བསྡུ་བྱའི་ལས་གཞི་ཞིག་ཡིན།
གྲངས་ཐོ་ཚན་པའི་ལས་གཞི་ནི་བོད་མི་ཚང་མར་དང་བླངས་དཔྱ་དངུལ་ལག་དེབ་ཕུལ་རྒྱུ་དེ་རེད། དེ་སྔ་དང་མི་འདྲ་བར་བོད་མི་གཅིག་ལ་ཨང་གྲངས་བདུན་ཅན་གཅིག་རང་ཡོད་མཁན་གྱི་ཚད་དང་ལྡན་པ་ཞིག་ཡོད། དེ་རྗེས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནི་ན་ནིང་ལོར་དེབ་སྐྱེལ་བྱེད་པ་རེད། དེའི་དམིགས་ཡུལ་གཙོ་བོ་ནི་མང་ཚོགས་ལ་ཆ་རྐྱེན་ཚང་བའི་ཐོག་བུ་ལོན་གཡར་རྒྱུ་ཡིན།
གསར་འགོད་པས། འདས་པའི་དུས་ཡུན་ལོ་གཉིས་ནང་ལས་དོན་གལ་ཆེ་ཤོས་གང་ཡིན་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རོགས།
བཀའ་བློན་མཆོག སུད་ཚོང་གི་ལས་གཞི་དེ་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཡག་པོ་ཆགས་ཐུབ་ན་མ་འོངས་པར་གཞུང་ལ་བརྟེན་མི་དགོས་པའི་གནས་སྟངས་ཤིག་ཡོང་གི་རེད། གཞན་བརྟེན་གྱི་བསམ་བློ་ཆུང་དུ་འགྲོ་རྒྱུའི་དོན་དུ་དེ་སྔ་སུད་ཚོང་བ་མི་གྲངས་ ༩༡༣ ལ་འབུམ་དགུ་བརྒྱ་བཅུ་གསུམ་གཡར་བ་རེད། ད་ལོ་འབུམ་ཉིས་སྟོང་གཡར་རྒྱུའི་བསམ་བློ་གཏོང་གི་ཡོད། མར་གང་བགོ་འགྲེམ་བྱས་པ་ལྟར་ཡར་བསྡུ་ཐུབ་ཆེད་ཕྱོགས་ཚང་མས་འགན་འཁྱེར་དགོས་སྟབས། ལས་གཞི་འདི་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ Gan Jong Development Finance pvt.གི་སྔོན་འགྲོའི་ལས་གཞི་བརྒྱ་ཆ་ ༤༥ བསྒྲུབས་པ་རེད། ད་ཆ་ལས་གཞི་བརྒྱ་ཆ་ལྔ་བཅུ་ཙམ་ལྷག་ཡོད།
གསར་འགོད་པས། ཕྱི་ཟླ་ ༣ པའི་གྲོས་ཚོགས་དེ་སྔོན་རྩིས་ལས་རིམ་ཆགས་ཀྱི་ཡོད། སྐབས་དེར་ལོ་འཁོར་གཅིག་གི་རྒྱུན་གྲོན་དང་། དམིགས་བསལ། དམིགས་བཀར་ཡོད། དེའི་ནང་ནས་དམིགས་བསལ་གྱི་གནས་སྟངས་ཐོག་ལ་བཀའ་བསྡུར་ལྷུག་པོ་གནང་ཡོད། དེའི་ཐོག་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རོགས།
བཀའ་བློན་མཆོག ཕྱི་ལོ་ ༢༠༡༦་་་༢༠༡༧ ལོའི་ནང་གི་སྔོན་རྩིས་འཆར་འབུལ་ས་ཡ་ཉིས་སྟོང་ཉིས་བརྒྱ་སུམ་ཅུ་སོ་བརྒྱད་དང་བརྒྱད་འབུམ་སུམ་ཁྲི་སྤྱི་ཡོངས་ཀྱི་འཆར་འབུལ་བྱས་ཡོད། ཕྱི་ལོ་ ༢༠༡༧་་་་༢༠༡༨ ལོར་སྔོན་རྩིས་འཆར་འབུལ་ས་ཡ་ཉིས་སྟོང་བཞི་རྒྱ་སུམ་ཅུ་སོ་དགུ་རེད། ས་ཡ་ཉིས་རྒྱ་བཅུ་མེད་གཅིག་འཕར་ཡོད། ཐེངས་འདིར་ཕྱི་ལོ་ ༢༠༡༨་་་་༢༠༡༩ སྐབས་ས་ཡ་ཉིས་སྟོང་དྲུག་རྒྱ་ལྔ་བཅུ་ང་གསུམ་ཡིན་སྟབས་ས་ཡ་ཉིས་བརྒྱ་བཅུ་གསུམ་འཕར་ཡོད། དེ་དག་ཚང་མ་བཀའ་ཤག་གི་དགོངས་པ་དང་ཐབས་ཤེས། རོགས་ཚོགས་ཀྱི་མཐུན་འགྱུར། སྤྱི་ཆོགས་ཀྱི་ལས་འགན། ལྷན་ཁང་ཁག་གི་དངུལ་བཅས་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་བར་བརྟེན་ནས་བྱུང་ཐུབ་ཡོད།
རྒྱུན་གྲོན། དམིགས་བསལ། དམིགས་བཀར་བཅས་ཁག་གསུམ་ཡོད། རྒྱུན་གྲོན་ཁག་ལས་ཁུངས་སོ་སོས་ཟུར་བཀོལ་ནས་བཏང་གི་ཡོད། རྒྱུན་གྲོན་ཁག་གཅིག་ནི་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་འགན་ཁུར་དགོས་ཀྱི་ཡོད། དམིགས་བསལ་གྱི་དངུལ་དེ་གཞུང་གི་བང་མཛོད་ནས་ཕུལ་དགོས་པ་ཞིག་རེད། དེར་བགྲོ་གླེང་ཡོང་དགོས་དོན་ནི་དམིགས་བསལ་ལས་གཞི་གལ་ཆེན་པོ་ཡིན་པ་དང་རོགས་ཚོགས་ཀྱི་དངུལ་མ་ཐོབ་པའི་སྐབས་གཞུང་གི་བང་མཛོད་ནས་བཏང་གི་ཡོད། ད་ལྟའི་གནས་བབ་ལ་དཔལ་ལྡན་སྲིད་སྐྱོང་གིས་སྣེ་ཁྲིད་པའི་བཀའ་ཤག་གིས་རོགས་དངུལ་ཐབས་འཚོལ་ཡག་པོ་གནང་ཐུབ་པར་བརྟེན་དམིགས་བསལ་དེ་ལོ་ཆར་ཅན་འཕར་བཞིན་ཡོད།
གསར་འགོད་པས། དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཚན་པ་ཆེ་ཕྲ་ཆུང་གསུམ་མང་པོ་ཞིག་ཡོད། དེའི་ནང་ནས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཞེས་པ་ཚན་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས་འདས་པའི་དུས་ཡུན་ལོ་གཉིས་ནང་གཟེངས་སུ་ཐོན་པའི་ལས་དོན་གང་བསྒྲུབས་ཡོད་དམ།
བཀའ་བློན་མཆོག སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་གཞུང་གི་ལས་ཁུངས་མ་ལག་རྣམས་ལ་མ་དངུལ་འཚོལ་ཐབས་བྱ་རྒྱུ་རེད། མ་དངུལ་འཆོལ་ཐབས་བྱ་རྒྱུ་ཙམ་མ་ཟད་མ་དངུལ་གཏོང་སར་སྨིན་པ་དང་ཕན་ཐོགས་ཐུབ་པ་བྱ་རྒྱུ་དེའང་རེད། རོགས་ཚོགས་ཀྱི་དམིགས་ཡུལ་གཞིར་བཟུང་དགོངས་པ་སྒྲུབ་ཐབས་ཆེད་རེད།
གསར་འགོད་པས། དེ་སྔ་བོད་མིའི་སྒྲིག་འཛུགས་འོག་འཆར་འགོད་ལས་ཁུངས་ཞེས་ཟུར་དུ་ཡོད། ཕྱིས་སུ་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཟླ་སྒྲིལ་བཏང་ནས་འཆར་འགོད་ལྷན་ཚོགས་དང་འཆར་འགོད་ཚོགས་ཆུང་དུ་འགྱུར་གནང་ཡོད། དེའི་ཕྱག་ལས་གནང་ཕྱོགས་གཙོ་བོ་གང་ཆགས་ཡོད་དམ།
བཀའ་བློན་མཆོག འཆར་འགོད་ཀྱི་ལས་ཀ་དེ་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་སྐབས་ཧ་ཅང་གལ་ཆེན་པོ་རེད་འདུག འཆར་འགོད་དེ་ཡང་ཚད་དང་ལྡན་པ་ཞིག་དགོས་རྒྱུ་དང་། ཡུལ་དུས་གནས་སྐབས་དང་བསྟུན་ནས་འཛམ་གླིང་གི་འགྱུར་ལྡོག་ལ་གཞིགས་པའི་འཆར་གཞི་གསར་བཟོ་དང་སྐབས་བསྟུན་འགྱུར་བཅོས་གཏོང་དགོས་རྒྱུ་ཞིག་ཀྱང་ཆགས་ཡོད། དེ་སྔ་བཀའ་ཤག་གི་ཁྱབ་ཁོངས་སུ་འཆར་འགོད་ཚན་པ་ཟུར་དུ་ཡོད། ཚན་པ་དེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གི་ལས་ཁུངས་མ་ལག་དང་། ས་གནས་ཁག་གི་འཆར་གཞི་ཁག་འབྱོར་མཚམས་འཚར་གཞི་གཞིར་བཟུང་དངུལ་གྱི་ཚད་གཞི་ཞིག་ཡོད། འཆར་གཞི་ཆེ་ཆུང་གཉིས་ཡོད། ལས་ཁུངས་དང་ས་གནས་ཁག་ནས་འཆར་གཞི་གང་འབྱོར་བར་རྣམས་སྤྱི་ཁབ་འཆར་འགོད་ཚན་པའི་འགན་བཞེས་པའི་ཐོག་ཚོགས་ཆུང་ནས་ཞིབ་འཇུག་གནང་གི་ཡོད།
གསར་འགོད་པས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་འབོར་བརྒྱ་ཆ་ལྔ་བཅུ་བུད་མེད་ཡིན་སྟབས་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་ལས་དོན་གཙོ་བོ་གང་ཡིན་ནམ།
བཀའ་བློན་མཆོག བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་ལས་འགན་གཙོ་བོ་ནི། བོད་པའི་བུད་མེད་སྤྱི་ཡོངས་ཀྱི་ནུས་སྟོབས་གོང་འཕེལ་གྱིས་གཙོས་བུད་མེད་ཀྱི་འཕྲོད་བསྟེན་ཐད་འགན་བཞེས་རྒྱུ་རེད། དེའི་ཐོག་ལས་གཞི་མང་པོ་ཞིག་འབྲེལ་ཡོད་ལྷན་ཁང་བརྒྱུད་ནས་ལག་བསྟར་བྱེད་མུས་ཡིན། གཞི་རིམ་བུད་མེད་ཀྱི་འཕྲོད་བསྟེན་ཐད་སློབ་གསོ་དང་། བུད་མེད་འགོ་ཁྲིད་སྐྱེ་སྲིང་བྱེད་དགོས་སྐོར། ལས་གཞི་ལག་བསྟར་བྱེད་སྐབས་སུ་བུད་མེད་ནུས་སྟོབས་གོང་འཕེལ་དང་འབྲེལ་བ་ཡོད་མེད་ཐད་དཔྱད་ཞིབ་ལ་སོགས་ཀྱི་ལས་འགན་རྣམས་འཁྱེར་གྱི་ཡོད།
གསར་འགོད་པས། སྔ་ལོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ GanJong Development Finance pvt. ཞེས་དབུ་འབྱེད་གནང་ཡོད། མང་ཚོགས་རྣམས་ལ་མཁྱེན་རྟོགས་སླད་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་གཙོ་བོ་གང་ཡིན་ངོ་སྤྲོད་གནང་རོགས།
བཀའ་བློན་མཆོག བོད་མི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ནང་ཡོད་པའི་ཁྱབ་ཁོངས་ཀྱི་དེབ་སྐྱེལ་བྱས་ཟིན་པའི་ཚན་པ་གཞན་དང་གཅིག་མཚུངས་མིན། དེབ་སྐྱེལ་ཡོད་པའི་ཚན་པ་ཕལ་ཆེར་ཁེ་མེད་སྤྱི་ཚོགས་ཞབས་ཞུ་དང་། སྤྱི་ཚོགས་བདེ་ཐབས་དང་འབྲེལ་བའི་ཐེབས་རྩ་ཞིག་ཆགས་ཡོད། ད་ལྟ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཁེ་ཡོད་ཚོགས་པ་ཞིག་ཡིན། དེབ་སྐྱེལ་བྱས་ནས་ལོ་གཅིག་ཙམ་ཕྱིན་ཡོད། དམིགས་ཡུལ་གཙོ་བོ་ནི་དངུལ་ཁང་དང་ཆ་འདྲ་བའི་ལས་གཞིའི་འོག་ནས་ཞབས་འདེགས་ཞུ་རྒྱུ་ཡིན།
གསར་འགོད་པས། གདུང་སེམས་མཉམ་སྐྱེ་མཚོན་སླད་ལག་དེབ་སྔོན་པོའི་དགོས་པ་དང་དམིགས་ཡུལ་གང་ཡིན་ནམ།
བཀའ་བློན་མཆོག བོད་རིགས་མིན་ཡང་བོད་ཀྱི་རྩ་དོན་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་མཁན་བོད་མི་གྲོགས་པོ་ཇི་ཙམ་མང་བ་བཟོ་རྒྱུ་མ་ཟད། ཁོང་ཚོར་བོད་ཀྱི་རྩ་དོན་ངོ་སྤྲོད་དང་། ལྷག་པར་ལོ་གཅིག་ལ་ཞལ་འདེབས་ཨ་སྒོར་བཅུ། ཉི་ཤུ། ལྔ་བཅུ་སོགས་རང་རང་བློས་བཅད་ཐོག་ནས་ཕུལ་བསྟུན་དངུལ་རྣམས་ཆེད་མངགས་རྒྱ་གར་དབུས་གཞུང་གི་དངུལ་ཁང་ནང་འཇོག་རྒྱུ་དང་། དེ་རྗེས་མ་དངུལ་ཐེབས་རྩའི་ནང་གསོག་རྒྱུའི་ལས་གཞི་ཞིག་བང་སྒྲིག་ཡོད། དེ་ལྟར་བསགས་ཚེ་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་ཡོངས་རྫོགས་དེ་ནས་འདང་ངེས་ཤིག་ཡོང་ཐུབ་རྒྱུ་རེད། ལག་དེབ་སྔོན་པོ་བརྒྱུད་གདུང་སེམས་མཉམ་སྐྱེའི་ལས་གཞི་འདི་ནི་མ་དངུལ་གསོག་སླད་དང་། རྩ་དོན་ཆེད་རྒྱབ་སྐྱོར་འཚོལ་རྒྱུའི་ལས་གཞི་ཧ་ཅང་གལ་ཆེ་ཞིག་ཡིན།
གསར་འགོད་པས། འབྱུང་འགྱུར་ལོ་གསུམ་ནང་དཔལ་འབྱོར་ལས་ཁུངས་ཀྱི་ལས་གཞི་དང་། ལས་འཆར་གལ་ཆེ་བ་གནང་དགོས་པ་གང་ཡོད་དམ།
བཀའ་བློན་མཆོག བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཚད་ལྡན་ཞིག་བཟོ་ཆེད་དཔལ་འབྱོར་ལས་ཁུངས་རྐྱང་པས་བྱེད་ཐུབ་རྒྱུ་མེད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བརྒྱུད་ནས་སྤྱི་ཚོགས་ནང་དཔལ་འབྱོར་གྱི་གནས་བབ་ཚད་ལྡན་ཞིག་བཟོ་ཐུབ་རྒྱུ་འདི་ང་ཚོའི་དམིགས་ཡུལ་གཙོ་བོ་རེད། བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཆབ་སྲིད་དང་འབྲེལ་བའི་ཚོགས་ཆེན་ཚོགས་ཟིན་པ་རེད།
དཔལ་འབྱོར་ལས་ཁུངས་ཀྱིས་འགན་བཞེས་པའི་ཐོག་ནས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་སྤྱི་ཚོགས་དང་འབྲེལ་བའི་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ལ་དམིགས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཞིག་འཚོགས་གཏན་འཁེལ་ཡོད། དེའི་སྔོན་འགྲོའི་ཚོགས་འདུ་ཞིག་ཚོགས་ཟིན་པ་རེད། སྐབས་དེར་འབྲེལ་ཡོད་ལས་ཁུངས་རྣམས་ནི། ནང་སྲིད་ལས་ཁུངས་དང་། ཆོས་རིག་ལས་ཁུངས། ཤེས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཆགས་འདུག
མ་འོངས་པར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དེ་རོགས་ཚོགས་ཆེན་པོ་དང་ལྷན་དུ་འབྲེལ་བ་བྱས་ནས་རྒྱལ་སྤྱིའི་གནས་བབ་དང་མཐུན་པ་ཞིག་བཟོ་རྒྱུ་དང་། དེ་ལྟར་བྱུང་ཐུབ་པ་ཡིན་ན་གཞན་ལ་བརྟེན་མི་དགོས་པར་བོད་མིའི་སྒྲིག་འཛུགས་ཁྱོན་ཡོངས་ནས་དངུལ་གྱི་དཀའ་ངལ་སེལ་ཐུབ་པའི་ཚན་པ་ཚད་ལྡན་ཞིག་ཆགས་ཐུབ་རྒྱུར་དམིགས་ཡུལ་ཞིག་ང་ཚོས་འཛིན་བཞིན་ཡོད།
དེ་བཞིན་དང་བླངས་དཔྱ་དངུལ་ལག་དེབ་ཧ་ཅང་གལ་ཆེན་པོ་རེད། དངུལ་ལས་ལྷག་བོད་མིའི་སྒྲིག་འཛུགས་དང་མི་མང་དབར་འབྲེལ་བ་བཟོ་མཁན་གྱི་ཡིག་ཆའམ་འབྲེལ་ཟམ་གལ་ཆེན་པོ་ཞིག་ཆགས་ཡོད། དང་བླངས་དཔྱ་དངུལ་ལག་དེབ་དེ་རྒྱ་བལ་འབྲུག་གསུམ་གང་དུ་བཀྲམ་ཡོད་པ་རྣམས་བརྒྱ་ཆ་བརྒྱ་ནས་བརྒྱད་ཅུ་དང་བླངས་དཔྱ་དངུལ་འབུལ་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དུས་ཚོད་ཁོམ་མིན་སོགས་ལ་བརྟེན་ནས་བརྒྱ་ཆ་བརྒྱ་ཕུལ་ཐུབ་རྒྱུ་ཟེར་བ་ཁག་པོ་ཆགས་ཡོད།
གདུང་སེམས་མཉམ་སྐྱེའི་ལས་གཞི་མཚོན་བྱེད་ལག་དེབ་སྔོན་པོ་དེ་ད་ཆ་བསྐྱར་བཅོས་བྱ་རྒྱུ་དང་ཚོགས་མི་གྲངས་སྤར་རྒྱུ་རེད། གཞན་ཡང་སྔོན་རྩིས་ཀྱི་འཆར་འབུལ་སྐབས་སུ་ཚང་མས་རྟོག་ཞིབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག །
༼ ཕྱི་དྲིལ་བོད་ཡིག་ཚན་པས་སྒྲ་ཕབ་ཞུས། ༽