༢༠༡༡ ཟླ་ ༢ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་མདོ་སྨད་བླ་བྲང་ཕྱོགས་སུ་ཞི་བའི་སྒེར་ལངས་བྱུང་སྐབས་ཉིན་དང་པོར་མཉམ་ཞུགས་དང་ཉིན་གཉིས་པའི་ཞི་རྒོལ་ནང་གཙོ་གྲས་སུ་ཞུགས་མཁན། དེ་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དགོན་པར་འབྱོར་རྗེས་རྒྱ་ནག་གཞུང་གི་དམ་བསྒྲགས་ཤུགས་ཆེར་མ་ལྟོས་པར་བོད་ཀྱི་བདེན་དོན་ཆེད། གཙོ་བོའི་སྣེ་ཁྲིད་གནང་སྟེ་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། ཆོས་དད་རང་དབང་མེད་སྐོར་འཛེམས་ཟོན་མེད་པར་གསལ་བཤད་གནང་མཁན་གཙོ་བོའི་གྲས་སུ་ཡོད་པའི་བླ་བྲང་དགོན་པའི་གྲྭ་སངས་རྒྱས་རྒྱ་མཚོ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༦ ཉིན་རང་ཤག་ཏུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་གྲྭ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི། དམ་པ་ཁོང་ཕྱི་ལོ་ ༡༩༦༩ ལོར་མདོ་སྨད་བླ་བྲང་བཀྲིས་འཁྱིལ་གྱི་ཉེ་འདབས་བསང་ཁོག་ཚོ་བདུན་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་ཕ་མགོ་བྷ་དང་མ་བསོད་ལོ་གཉིས་སུ་སྐྱེས། རང་ལོ་བཅུ་དྲུག་སོན་སྐབས་རབ་ཏུ་བྱུང་སྟེ་བླ་བྲང་དགོན་པའི་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༩༡ ལོར་རང་ལོ་ཉེར་གསུམ་སྟེང་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྟེ་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་མུ་མཐུད་གནང་འཆར་ཡང་ས་ཆུ་མ་འཕྲོད་པ་བརྟེན། ཕ་ཡུལ་དུ་ཕྱིར་ལོག་སྟེ་མུ་མཐུད་བླ་བྲང་དགོན་དུ་སློབ་གཉེར་གནང་ཞིང་གནས། དམ་པ་ཁོང་གིས་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་སྐབས་བླ་བྲང་ཁུལ་དུ་གཙོ་བོའི་གྲས་སུ་དོན་ཏེ་ཞི་རྒོལ་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་ལམ་མདུན་དུ་བོད་ནང་གི་དངོས་ཡོད་གནས་ཚུལ་སྐད་སངས་མཐོན་པོས་གསལ་བཤད་བྱས་ཡོད།
དེ་རྗེས་དགོན་པར་གནས་ཐབས་མ་བྱུང་བར་ལོ་ངོ་གཅིག་ལྷག་རི་འགོར་བྲོས་བྱོལ་འགྲོ་དགོས་བྱུང་སྟེ་འཚོ་གནས་དང་འཕྲོད་བསྟེན། ཁོར་ཡུག་སོགས་དཀའ་ངལ་སྣེ་མང་ལ་གདོང་ལེན་བྱས་ཡོད་ཀྱང་མཐར་མལ་སར་ལུས། དམ་པ་ཁོང་གི་ཕ་མ་སྤུན་མཆེད་དང་གཉེན་ཉེ་ཚོའི་གདུང་སེམས་མཉམ་སྐྱེ་ཀྱིས་འགྲོ་གྲོན་ཁྱོན་ཆེ་བཏང་སྟེ་སྨན་ཁང་ཆུང་གྲས་རེ་ནས་སྨན་ལེན་རྒྱུ་སོགས་ཐབས་ཤེས་ཡོད་རྒུ་བཏོན་ནའང་། སྐུ་གཟུགས་ཉིན་རེ་བཞིན་ཇེ་སྐམ་ནས་ཇེ་སྐམ་དུ་སོང་བར་བརྟེན། མཐར་ཟི་ལིང་གི་སྨན་ཁང་ཞིག་ཏུ་སྨན་གཏུགས་བྱས་ཀྱང་ཕན་འབྲས་མ་བྱུང་བར་མུ་མཐུད་སྨན་ཁང་གཞན་ཞིག་ཏུ་གཤག་བཅོས་གནང་དགོས་བྱུང་འདུག རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་གནས་ཚུལ་དེ་དག་ཤེས་ཀྱང་དམ་པ་དེ་མི་ཡོང་རྒྱུའི་རེ་བ་མེད་པར་བརྟེན་འཛིན་བཟུང་བྱས་མི་འདུག་ལ། སྨན་ཁང་དེ་ནས་ཀྱང་མིའི་རེ་བ་མེད་པ་བརྗོད་པ་ལྟར་ཁྱིམ་དུ་ལོག་དགོས་བྱུང་ཞིང་། མཐར་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༦ ཉིན་ཁྱིམ་དུ་འདས་གྲོངས་སུ་གྱུར་འདུག
ད་ལྟའི་ཆར་དམ་པ་དེའི་ཁྱིམ་ལ་ལོ་ན་བདུན་ཅུ་ཡོལ་ཟིན་པའི་ཕ་མ་རྒན་རྒོན་གཉིས་འཚོ་ཞུགས་ཡོད་པའི་གནས་ཚུལ་འདུག དམ་པ་ཁོང་དང་འདྲ་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དེ་དག་རྒྱ་ནག་གཞུང་གི་གནོན་ཤུགས་དང་བཙན་དབང་གིས་རང་ཡུལ་དུ་སྡོད་དབང་མེད་པ་དང་། རང་ཁྱིམ་དུ་གནས་ཐབས་མ་བྱུང་བར་རིའི་སྟེང་དུ་ས་འཁྱགས་ཀྱི་གདན་བྱེད་པ་དང་། རྡོ་དང་འཁྱགས་པས་སྔས་མགོ་བྱས་ཏེ་ཡུན་རིང་གནས་དགོས་བྱུང་སྟབས། ནད་གཅོང་དུ་འགྱུར་བཞིན་པའི་གནས་ཚུལ་བོད་ནང་མུ་མཐུད་འཐོན་བཞིན་པ་དེ་དག་ནི་བློ་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་བཅས། །