༢༠༡༡ ཟླ་ ༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེན་ཌིའི་སྲིད་བློན་སྐུ་ཞབས་ཇོན་ཀི་ (H.E.John Key) མཆོག་ལ་ཉེ་ལམ་ཡུལ་དེའི་ཁི་རི་སི་ཆ་ཇི་ (Christ Church) གྲོང་ཁྱེར་ནང་ས་ཡོམ་ཚབས་ཆེ་བྱུང་སྟེ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་བའི་གནས་ཚུལ་གསན་པར་མགོན་པོ་གང་ཉིད་མཆོག་ལ་ཐུགས་འཚབ་དང་བློ་ཕམ་ཧ་ཅང་བྱུང་བའི་ཐུགས་གསོའི་འཕྲིན་ཡིག་སྩལ་ཡོད། དེ་ཡང་འཕྲིན་ཡིག་དེའི་ནང་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༡༩༩༦ ལོར་ཁི་རི་ཆར་ཇི་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་པའི་གནས་ཚུལ་ཐུགས་དྲན་གསོ་མཛད་པ་དང་སྦྲགས། ཐེངས་འདིར་ས་ཁུལ་དེར་སླར་ཡང་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་པར་ཐུགས་ཕམ་ཆེན་པོའི་ཐོག་གོད་ཆག་དེའི་འོག་རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བ་དང་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་མཛད་ཡོད་པ་མ་ཟད། རྗེས་ཤུལ་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་མཛད་དེ་ཁང་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་མྱུར་དུ་བསྐྱར་གསོ་ཐུབ་པའི་ཐུགས་རེ་ཡང་མཛད་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེན་ཌིར་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོ་མཛད་པ།
གསར་གནས།
འབྲེལ་གནས།