༢༠༡༡ ཟླ་ ༢ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །རྒྱ་གར་གྱི་སྲིད་བློན་ཟུར་པ་ལྕམ་སྐུ་ཨིན་ངྷར་གྷན་ངྷི་དམ་པའི་མཚན་གནས་རྗེས་འབྲེལ་གྱི་སློབ་གཉེར་ཁང་ཨིག་ནུ་ཞེས་པ་ནས་རིང་མིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་པའི་མཚན་གནས་ཕྱག་འཁྱེར་འབུལ་ལམ་ཞུ་རྒྱུ་ཡིན་འདུག དེ་ཡང་སློབ་གཉེར་ཁང་དེའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དེ་བཞིན་ཕྱི་ལོ་ ༡༩༥༥ ནང་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀེ་ར་ལར་དམར་པོའི་གཞུང་གི་བློན་ཆེན་གནང་མྱོང་ཡོད་མཁན་རྒྱ་གར་གྱི་ཁྲིམས་ཁང་གོང་མའི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་ཝི་ཊི་ཁ་ཤི་ནཱ་ཨཱ་ཡཱ་མཆོག་རྣམ་གཉིས་ལ་མཁས་པའི་མཚན་གནས་ཕྱག་འཁྱེར་འབུལ་གཏན་འཁེལ་འདུག རྩ་བའི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོ་དེ་བཞིན་འདི་ལོ་ཕྱི་ཟླ་བཞི་པའི་ནང་དུ་གཏན་འཁེལ་འདུག གང་ལྟར་གཙུག་ལག་སློབ་ཁང་དེ་ནས་རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་པའི་མཚན་གནས་ཕྱག་འཁྱེར་འབུལ་གཏན་འཁེལ་འདུག་པ་མ་ཟད། གཙུག་ལག་སློབ་གཉེར་ཁང་ནས་དེ་གའི་སློབ་ཁྲིད་བྱེད་བཞིན་སློབ་ཚན་ཁོངས་སུ་བོད་རིག་པའི་སློབ་ཚན་གསར་དུ་འཇོག་རྒྱུ་ཡང་གཏན་འབེབས་གནང་ཡོད་པར་བརྟེན། ༸གོང་ས་མཆོག་གིས་དེའི་ཆེད་དུ་ཧིན་སྒོར་འབུལ་ལྔ་གསོལ་རས་སྩལ་འདུག གཞི་རྩའི་ (Indira Gandhi National Open University) (IGNOU) ཞེས་པ་དེ་ནི་རྒྱ་གར་ནང་ཡིག་འགྲུལ་བརྒྱུད་ལམ་གྱི་བསྟི་གནས་ཆེ་ཤོས་ཤིག་ཡིན་པ་མ་ཟད། སློབ་མ་འདྲ་མིན་འབུམ་གསུམ་ཙམ་གྱི་ཡིག་འགྲུལ་བརྒྱུད་དེ་སློབ་སྦྱོང་བྱེད་བཞིན་ཡོད་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་པའི་མཚན་གནས་ཕྱག་འཁྱེར་འབུལ་གཏན་འཁེལ་བ།
གསར་གནས།
འབྲེལ་གནས།