༢༠༡༡ ཟླ་ ༢ ཚེས་ ༡༤ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༠ ཉིན་ཀེན་བྷེ་རར་(Canberra)ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན་མཇལ་འཕྲད་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་པ་ཁག་གཉིས་ཀྱི་མཉམ་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐོག་ངོ་སྤྲོད་གནང་ཡོད། དེ་ཡང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་ཐོག་བགྲོ་གླེང་གནང་བ་ཐོག་མ་དེ་ཆགས་ཡོད། ཚོགས་འདུ་འདི་བཞིན་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཚོགས་(Australia Tibet Council) ཀྱིས་གོ་སྒྲིག་གནང་ཡོད། ཨོ་སི་ཊོ་ལི་ཡ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བདུན་དང་ལྷན་ཚོགས་འདུའི་སྐབས་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་གྱིས་བོད་མཐོ་སྒང་གི་ཁོར་ཡུག་སྐོར་དཔེར་ན། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་འབྲོག་སའམ་རྩ་ཐང་ནས་ཕྱིར་འབུད་བྱས་པ་དང་རང་བྱུང་ཐོན་ཁུངས་སོགས་རྩྭ་གཏོར་གཏོང་བཞིན་ཡོད་པའི་སྐོར་གསུངས་པ་མ་ཟད། ཁོང་གིས་བོད་མཐོ་སྒང་དེ་འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤི་ཡ་གླིང་ཕྲན་གྱི་ཆུའི་འབྱུང་ཁུངས་ཡིན་པ་སོགས་བོད་ཀྱི་གལ་གནད་སྐོར་བགྲོ་གླེང་གནང་ཡོད། དེ་བཞིན་ཁོང་གིས་ཨོ་སི་ཊོ་ལི་ཡའི་གཞུང་གི་ངོས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱེད་ཐུབ་ཀྱི་ཡོད་མེད་སྐོར་དང། དེ་ཡང་རྒྱ་ནག་གི་སྲིད་བྱུས་གཏན་འབེབས་བྱེད་མཁན་ཚོར་བོད་ཀྱི་རྩ་ཐང་དང་འབྲོག་པ་རྣམས་བསྐྱར་གསོའི་སྲིད་བྱུས་དོན་དམ་ཞིག་འདེམས་སྒྲུག་བྱེད་ཆེད་ལམ་སྟོན་བྱེད་ཕྱོགས་སྐོར་བསམ་འཆར་ཡང་བཏོན་ཡོད། ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་གྱིས་གོང་གི་གནད་དོན་ཐོག་ཚོགས་པ་ཁག་འདྲ་མིན་གསུམ་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་མ་ཟད། ལྗང་ཁུ་ཚོགས་པའི་ཚོགས་མི་དང་ལྗང་ཁུ་ཚོགས་པའི་འགན་འཛིན་གྱི་རྒྱལ་སྤྱིའི་སློབ་སྟོན་པ་བཅས་དང་ལྷན་སྒེར་གྱི་ཐུག་འཕྲད་ཀྱང་གནང་ཡོད། དེ་བཞིན་ཁོང་གིས་ཀན་བྷེ་རར་འདས་པའི་ལོ་དྲུག་ནས་བོད་ཀྱི་ཁོར་ཡུག་ཐོག་ཉམས་ཞིབ་བྱེད་མཁན་སྤྱི་ཚོགས་ཚན་རིག་པ་དང་མཉམ་ཐུག་འཕྲད་བྱས་ཡོད། གཞན་ཡང་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་གྱིས་མེལ་བྷོན་(Melbourne) དུ་ཕེབས་ཏེ་བོད་ཀྱི་འབྲོག་ས་སྐྱེས་སྤོ་རུ་བཅུག་པ་དང། ཆུ་རགས་རྒྱག་རྒྱུ། བོད་ནང་གི་འཁྱགས་རོམ་བཞུར་བཞིན་པའི་དཀའ་ངལ་སོགས་ཀྱི་སྐོར་ཀམ་པུ་ཊར་ནང་པཱ་ཝར་པོ་ཊི་(Power Point)བརྙན་ལམ་བརྒྱུད་འགྲེལ་བརྗོད་བྱས་ཡོད། སྐབས་དེར་མང་ཚོགས་ ༩༥ ཙམ་ཕེབས་ཡོད་པ་ནས་མང་ཆེ་བ་གཞུང་འབྲེལ་མིན་པའི་ཁོར་ཡུག་ཚོགས་པའི་ཚོགས་མི་ཡིན་པ་དང། ཁོང་ཚོས་བོད་ནང་གི་ཁོར་ཡུག་ཐོག་དཀའ་ངལ་འཕྲད་དང་འཕྲད་བཞིན་པའི་སྐོར་ཐོས་སྐབས་ཧང་སངས་དགོས་པར་གྱུར་ཡོད་པ་མ་ཟད། ཁོང་ཚོས་དེའི་ཐོག་ཇི་ལྟར་རོགས་སྐྱོར་བྱེད་ཐུབ་ཀྱི་ཡོད་མེད་སྐོར་དྲི་བ་ཡང་བཏོན་ཡོད། ཨོ་སི་ཊོ་ལི་ཡའི་ནང་ཁོར་ཡུག་གི་ལས་འགུལ་ཐོག་ཡར་རྒྱས་ཧ་ཅང་ཡག་པོ་ཕྱིན་ཡོད་ཀྱང་བོད་ཀྱི་ཁོར་ཡུག་ཐོག་གོ་རྟོགས་མེད་པར་བརྟེན་བོད་ཀྱི་ཁོར་ཡུག་སྐོར་ངོ་སྤྲོད་དེའི་རིགས་ལན་མང་དགོས་སྐོར་མང་ཚོགས་འགའ་ཤས་ནས་རེ་འདུན་ཡང་བཏོན་ཡོད་པ་བཅས།།