༢༠༡༡ ཟླ་ ༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ར་ཇི་སི་ཐན་མངའ་སྡེའི་ཇོ་ཌ་པུར་གྲོང་ཁྱེར་གྱི་རྒྱལ་པོ་ག་ཇ་སིངྒ་གི་རཱ་ཇི་མཱ་ཊ་(Raj, Mata)བུད་མེད་སློབ་གྲྭའི་དབུ་ལས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་རྒྱལ་པོ་དང་ལྷན་ཐོག་མར་སློབ་གྲྭར་༸ཞབས་སོར་འཁོད་མཚམས་སློབ་ཕྲུག་རྣམས་ཀྱིས་ར་ཇི་སི་ཐན་གྱི་སྲོལ་རྒྱུན་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་ནས་རྒྱལ་པོའི་སྐུ་འཁོར་དང་ནང་མི་ལྷན་རྒྱས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་གཟབ་རྒྱས་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་གྲུབ་བསྟུན་སློབ་མ་རྣམས་ཀྱིས་ལྷ་མོ་དབྱངས་ཅན་མའི་བསྟོད་གླུ་འབུལ་ལམ་ཞུས། དེ་ནས་རྒྱལ་པོ་མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་སློབ་མ་རྣམས་ཀྱིས་ར་ཇི་སི་ཐན་གྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གཟིགས་ཕུད་འབུལ་ལམ་ཞུས་པ་མ་ཟད། གཏམ་བརྗོད་ཀྱི་ལམ་ནས་ར་ཇི་སི་ཐན་ཐོག་མར་ཇི་ལྟར་བྱུང་ཚུལ་ཡུལ་མི་ཚོའི་ངག་རྒྱུན་ནང་ཇི་འདྲ་ཡིན་པ་རྣམས་སྤྱན་སྒྲོན་ཞུས། དེ་ནས་སློབ་དགེ་བུད་མེད་གཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་དང་སྦྲགས་དེར་འདུས་སློབ་ཕྲུག་དང་སྐུ་མགྲོན་རྣམས་ལ་མགོན་པོ་གང་ཉིད་མཆོག་ངོ་སྤྲོད་གནང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལས་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་ཕེབས་དོན། ངོས་རང་འདིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། བུད་མེད་སློབ་གྲྭ་འདི་ལྟ་བུ་ཞིག་བཙུགས་པ་དེས་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ནང་གི་བྱམས་བརྩེའི་བསམ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཁྱེད་རང་ཚོ་བུད་མེད་ཀྱི་སློབ་གྲྭ་ཞིག་ཡིན་དུས་ངོས་ལ་སྐད་ཆ་ཤོད་རྒྱུ་གཅིག་ཡོད་པ་ནི། བུད་མེད་ཚོས་ཕྱིའི་མཛེས་ཆོས་གཅིག་པུར་མ་དམིགས་པར་ནང་གི་མཛེས་ཆོས་ལའང་དམིགས་ཏེ་བསམ་བློ་བཟང་པོ་དང་ཡ་རབས་བྱུང་ཚེ་མཛེས་སྡུག་དངོས་གནས་དེ་རེད། ཚན་རིག་པ་མང་པོ་ཞིག་གིས་རིག་པའི་ལམ་ནས་དཔྱད་པ་བྱས་ཏེ་མི་ཇི་ཙམ་གྱི་བསམ་བློ་ཞི་བདེ་བག་ཕེབས་ཡོད་པ་དེ་ཚོད་ཀྱི་ལུས་པོ་བདེ་བ་མ་ཟད། ལུས་ཀྱི་ཟུངས་བཅུད་ཡག་པ་ཡོད་པའི་ར་འཕྲོད་བྱུང་ཡོད། སྤྱིར་ཕ་མ་གཉིས་གཞན་གྱི་སྡུག་བསྔལ་ལ་ཚོར་ཤེས་སུ་ཤུགས་ཆེ་བ་ཡོད་མེད་འགྲན་བསྡུར་བྱས་ན་ཕ་ལས་མ་དེ་ཚོར་ཤེས་ཆེ་བ་ཡོད། དེ་ནི་ལྷན་སྐྱེས་ཤིག་རེད། སྔ་མོ་སྐབས་ཤིག་ངོས་རང་ཉི་ཧོང་རྒྱལ་ས་ཊོཀ་ཁྱོ་ནས་ཨ་རིར་བསྐྱོད་སྐབས་གནམ་གྲུའི་ནང་ཕ་མ་གཉིས་ལ་ཕྲུ་གུ་ཆེ་ཆུང་གཉིས་འདུག ཐོག་མར་ཕྲུ་གུ་ཚོར་ཕ་མ་གཉིས་ཀས་བརྩེ་གདུང་ཆེན་པོ་བྱེད་ཀྱིན་འདུག་ཀྱང་མཚན་མོ་གང་ཙམ་ཆགས་སྐབས། ཕ་དེ་རང་ཉིད་ཐང་ཆད་ནས་གཉིད་ལོག་སོང་། འོན་ཀྱང་ཨ་མ་དེས་མཚན་གང་གཉིད་མ་ལོག་པར་ཕྲུ་གུ་ཆུང་བ་དེར་ལྟ་རྟོག་བྱས་སོང་། སང་ཉིན་སྔ་དྲོ་ཨམ་དེའི་མིག་གཉིས་ཀ་དམར་པོ་ཆགས་འདུག དེས་གང་སྟོན་གྱི་ཡོད་དམ་ཞེ་ན་ཨ་མར་བྱམས་བརྩེའི་བསམ་པ་ཤུགས་ཆེ་བ་ཡོད་པ་སྟོན་གྱི་ཡོད། ཅེས་བཀའ་སློབ་སྩལ་གྲུབ་བསྟུན། སློབ་མ་བདུན་ཙམ་གྱི་དྲི་བར་བཀའ་ལན་མཛད། མཛད་སྒོ་གྲོལ་མཚམས་མགོན་པོ་གང་ཉིད་མཆོག་སློབ་གྲྭའི་སྒོ་རའི་སྤང་ལྗོངས་སྟེང་༸ཞབས་སོར་འཁོད་རྗེས་གསོལ་ཇ་དང་བཞེས་ཏོག་འབུལ་ལམ་གྲུབ་རྗེས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས།
སློབ་གྲྭ་དེར་སློབ་ཕྲུག་ཁྱོན་བསྡོམས་ ༡༢༠༠ ཙམ་ཡོད་པ་དང་འཛིན་རིམ་བཅུ་གཉིས་བར་འདུག
ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་དང་བསྟབས་བསྟུན་སློབ་གྲྭའི་རྩེད་ཐང་དུ་ཕྱི་ཚེས་ ༧། ༨། ༩ བཅས་ཉིན་གསུམ་ཙམ་རིང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་པར་རིགས་འགྲེམས་སྟོན་ཞུས་ཡོད། ཕྱི་ཚེས་ ༧ ཉིན་གྱི་ཐོག་མར་སློབ་སྤྱི་ནི་ར་སིངྒ་ལགས་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་། སྐབས་དེར་སློབ་ཕྲུག་ཚོས་ཧ་ཅང་དོ་སྣང་ཆེན་པོ་གནང་བ་མ་ཟད། དྲི་བ་ཧ་ཅང་མང་པོ་བཏང་བ་རྣམས་ལ་འགྲེམས་སྟོན་ལས་བྱེད་བཀྲིས་ཕུན་ཚོགས་ལགས་ཀྱིས་གསལ་བཤད་དང་ལན་འདེབས་གནང་ཡོད་པ་བཅས།།