༢༠༡༡ ཟླ་ ༢ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༤ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙུན་དགོན་བྱང་ཆུབ་ཆོས་གླིང་བཙུན་མ་ཚོའི་རྟགས་གསལ་དམ་བཅར་གཟིགས་ཞིབ་མཛད་གྲུབ་བསྟུན་མོན་གྷོ་འདོད་རྒུ་གླིང་རྒན་གསོ་ཁང་གི་རྒན་འཁོགས་གྲངས་ ༡༢༠ ཙམ་དང་ལས་བྱེད་པ་ ༡༣ དེ་བཞིན་གཞིས་གྲོང་སོ་སོའི་རྒན་འཁོགས་ཁྱོན་ཕོ་མོ་གྲངས་ ༡༥༠ ཙམ་བཅར་ཡོད་པ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཟུར་མཇལ་བཀྲིན་ཆེ་བ་མཛད་པ་དང་ཆབས་ཅིག་བཀའ་སློབ་སྩལ་དོན། མི་སུ་ཞིག་ཡིན་ནའང་རྒན་འཁོགས་ཆགས་ཏེ་འཆི་རྒྱུ་དེ་ཆོས་ཉིད་རེད། ཁྱེད་རང་ཚོ་ད་ལྟ་མི་ཚེའི་མཐའ་རུ་བསླེབས་ཡོད། ང་ཚོ་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ཐོག་སངས་ཀྱི་ཆོས་ཉམས་ལེན་བྱེད་མཁན་དང་ཁོང་གི་རྗེས་འབྲང་པ་ཞིག་ཆགས་ཡོད། དེར་བརྟེན་མི་ཚེ་འདི་རྫོགས་ཀྱི་ཡོད་ཀྱང་སྐྱེ་བ་རྗེས་མ་མུ་མཐུད་ནས་མི་ལུས་ཤིག་དང་། དེ་ཡང་བོད་མི་ཞིག་ཏུ་སྐྱེ་ཆེད་སྨོན་ལམ་རྒྱོབས་དང་། ཏན་ཏན་དེ་འདྲ་ཞིག་ཡོང་གི་རེད། བློ་བདེ་པོ་བྱེད། སངས་རྒྱས་ཆོས་ཚོགས་མ་འདོན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་བཀའ་སློབ་ཕེབས་པ་དང་ལྷན་སངས་རྒྱས་ཆོས་ཚོགས་མའི་གོ་དོན་སྙིང་བསྡུས་ཤིག་བཀའ་འགྲེལ་མཛད་ཡོད།
༸གོང་ས་མཆོག་གིས་སྐྱབས་འགྲོ་དང་སེམས་བསྐྱེད་ནི་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ཆགས་ཡོད། དགེ་བཤེས་ཆེན་པོ་ཡིན་ནའང་མཐར་ཐུག་ཉམས་ལེན་བྱེད་རྒྱུ་དེ་རེད། ངོས་ཀྱིས་ཀྱང་ཉིན་ལྟར་ཉམས་ལེན་གཙོ་བོ་དེ་བྱེད་ཀྱི་ཡོད། དེ་འདོན་མ་ཐུབ་པ་གང་ཡང་མེད། སྤྱིར་སངས་རྒྱས་ལ་སྐྱབས་སུ་འགྲོ་རྒྱུ་དང་། རང་ངོས་ནས་དགེ་བ་གང་བསགས་པ་དེ་རང་ཉིད་གཅིག་པུ་མ་ཡིན་པར་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པའི་སྨོན་ལམ་དང་བློ་ཞིག་སྐྱེ་རྒྱུ་ང་ཚོ་ཚང་མས་བྱེད་ཐུབ་ཀྱི་རེད། དེ་ལྟར་བསམ་བློ་གཏོང་། རང་ཉིད་འཆི་ཁར་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་ཡག་པོ་ཞིིག་སྒོམ་པའི་ཐོག་ནས་འཆི་ན་འཕོ་བ་རྒྱག་མ་དགོས་ལ་སུ་ལའང་སྐྱབས་འཇུག་ཞུ་དགོས་ཀྱི་མེད། སྐྱེ་བ་ཕྱི་མ་ཡག་པོ་ཞིག་ལེན་ཐུབ་རྒྱུ་དེ་ནི་ངོས་ཀྱིས་བཤད་པ་ཙམ་མ་ཡིན་པར་བཀའ་འགྱུར་བསྟན་འགྱུར་པུ་ཏི་ ༣༠༠ ལྷག་ཙམ་ཡོད་པ་དེ་ཚོ་དཔང་པོར་བཞག་ཏེ་ངོས་ཀྱིས་ཁས་ལེན་བྱེད་ཐུབ་པས་གཙོ་བོ་སོ་སོའི་བསམ་བློར་རག་ལུས་ཡོད། རང་ཉིད་འཚོ་བའི་རིང་ལ་དགེ་བ་བསྒྲུབ་རྒྱུ་གལ་ཆེན་པོ་རེད། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་རྒན་འཁོགས་ཚོར་འཕྲོད་བསྟེན་ཡག་པོ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ཡང་བཀའ་སློབ་ཕེབས་ཡོད།
མཐའ་དོན་༸གོང་ས་མཆོག་གིས་རྒན་འཁོགས་ལྟ་རྟོག་བྱེད་མཁན་ལས་བྱེད་ཚོར་རང་ཉིད་ཆོས་བྱེད་ཀྱི་ཡོད་བསམ་པའི་ཐོག་ནས་རྒན་པ་ཚོར་ལྟ་རྟོག་བྱེད་དགོས། དེ་ནི་དགེ་བ་བསྒྲུབ་རྒྱུའི་གོ་སྐབས་ཞིག་རེད། རྒན་འཁོགས་འགའ་རེ་ཁོང་ཁྲོ་ཚ་པོ་ཡོང་གི་རེད། དེའི་སྐབས་ཁྱེད་རང་ཚོས་བཟོད་བསྲན་ཆེ་ཙམ་བྱེད་དགོས། ང་ཚོ་བོད་པའི་སྤྱི་ཚོགས་ནང་གཞོན་པ་ཚོས་རྒན་པའི་བཀྲིན་རྗེས་དྲན་ཐོག་ནས་ལྟ་རྟོག་དང་བརྩི་བཀུར་ཕན་སེམས་བཅང་རྒྱུ་དེ་གོམས་གཤིས་བཟང་པོ་ཞིག་རེད། མ་ཎི་དང་སྒྲོལ་མའི་གཟུངས་སྔགས་གཉིས་གང་མང་འདོན་ཐུབ་ན་ཕན་ཐོགས་ཡོང་གི་རེད་ཅེས་བཀའ་སློབ་ཕེབས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོའི་རྒན་གསོའི་རྒན་འཁོགས་དང་གཞིས་གྲོང་གི་རྒན་འཁོགས་ཚོར་བཀའ་སློབ་བཀའ་དྲིན་སྩལ་བ།
གསར་གནས།
འབྲེལ་གནས།