ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་ཨེ་ཊ་ལི་ Italy རྒྱལ་ས་རོམ་ Rome ནང་གནས་སྡོད་ཕ་རན་སིའི་མི་རིགས་ཡིན་པ་ལྕམ་སན་ཌ་ར་སྒྲོ་ལ་ནི་ Sandra Dolani ལགས་ཕྱི་ལོ་༢༠༠༧ ནས་ ༢༠༡༦ བར་བོད་ཁམས་ལི་ཐང་ཁུལ་དུ་ཐེངས་བཞི་བསྐྱོད་པའི་སྐབས་བསྒྲོན་པའི་པར་རིས་ཕྱོགས་བསྡུས་བྱས་པ་ཁག་གཅིག་འགྲེམས་སྟོན་དབུ་འབྱེད་ཞུས་སོང་།
དེ་ཡང་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་རྣམ་པ། འགྲེམས་སྟོན་ཁང་ལ་གཟིགས་སྐོར་དུ་ཕེབས་པའི་ཕྱི་ནང་གི་མགྲོན་པོ་རྣམ་པ། དེ་བཞིན་གསར་འགོད་པ་སོགས་ལྷན་འཛོམས་ཐོག་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་གྲུབ་མཚམས་གློག་བརྙན་བཟོ་མཁན་དང་པར་པ་ལྕམ་སྒྲོ་ལ་ནི་ལགས་ཀྱིས་རང་ཉིད་ཀྱིས་ཕྱོགས་བསྡུས་བྱས་པའི་པར་རིས་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་།
དེ་རྗེསཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་པར་རིས་འགྲེམས་སྟོན་སྐོར་གསུང་དོན། པར་རིས་འགྲེམས་སྟོན་དང་པར་རྒྱག་མཁན་གྱི་མཚན་ལ་ Sandra Dolani ཟེར་གྱི་ཡོད་པ་རེད། མོ་རང་ཕ་རན་སི་དང་ཨི་ཌ་ལིའི་པར་པ་ཞིག་རེད། ལོ་མང་སྔོན་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་པ་དང་། ལྷག་པར་ཁམས་ལི་ཐང་ཁུལ་དུ་ཐེངས་མང་ཕྱིན་མྱོང་བའི་པར་པ་ཞིག་རེད། མོ་རང་ཕྱི་ལོ་ ༢༠༠༧ ནས་ཁམས་ལི་ཐང་དང་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་འདུག་པ་མ་ཟད། དེའི་རྗེས་ཐེངས་མང་པོ་ཕྱིན་འདུག རྩ་བའི་བོད་ཀྱི་ཡུལ་ལྗོངས་དང་། ཆུ། རི་སོགས་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འདི་སྔོན་མ་ནས་ཡོད་པ་དེ་དག་ལ་འགྱུར་བ་འགྲོ་རྒྱུ་གང་ཡང་མེད། འོན་ཀྱང་ས་ཁུལ་དེ་དག་ནང་སྡོད་མཁན་མི་མང་གི་འཚོ་བའི་གནས་སྟངས་དང་། མྱོང་ཚོར། རིག་གཞུང་སྐོར་པར་གྱི་ཐོག་ནས་ལེན་ཐུབ་ཀྱི་རེད།
ལས་ཀ་མང་པོ་ཞིག་ཡིག་ཐོག་འབྲི་དགོས། མང་པོ་ཞིག་པར་གྱི་ལམ་ནས་ལོ་རྒྱུས་བཤད་ཐུབ་ཀྱི་ཡོད། དེར་བརྟེན་མོ་རང་གིས་བརྒྱབ་པའི་པར་དེ་དག་ལི་ཐང་ཁུལ་དུ་ཡོད་པའི་བོད་པའི་གྲྭ་བ་དང་། འབྲོག་པ། མི་མང་དཀྱུས་མ་སོགས་ཀྱི་འཚོ་བ་དང་། བསམ་བློ་གཏོང་སྟངས་ལ་འགྱུར་བ་ཕྱིན་པ་དེ་དག་པར་གྱི་ལམ་ནས་བརྒྱུད་བསྒྲགས་བྱས་ཐུབ་ཡོད། ལྷག་པར་མོ་རང་ཕྱི་ལོ་ ༢༠༠༧ ལོར་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་སྐབས་བོད་མི་ཚང་མ་སྣང་བ་སྐྱིད་པོ་དང་། ཕར་ཚུར་སྐད་ཆ་ལྷུགས་པོ་བྱས་ནས་བཤད་ཀྱི་ཡོད། ཉེ་བའི་ཆར་ནས་མི་ཚང་མའི་སེམས་ནང་ཞེད་སྣང་ཡོད་པའི་ཚོར་བ་དང་། མི་གཞན་ལ་སྐད་ཆ་བཤད་ན་གསང་པོ་མེད་པའི་གནས་སྟངས་དེ་གང་མཚོན་གྱི་ཡོད་དམ། ཞེ་ན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་རྒྱ་གཞུང་གི་བཙན་གནོན་ཅན་གྱི་སྲིད་ཇུས་ལ་ཞི་རྒོལ་བྱས་པ་ནས་བཟུང་བོད་ས་ཡོངས་རྫོགས་ལ་ཧ་ལས་པའི་དམ་བསྒྲགས་བྱས་དང་བྱེད་མུས་རེད། ཁོ་མོས་བོད་ཀྱི་ས་ཁུལ་གཅིག་པུའི་ལོ་རྒྱུས་བཤད་པ་དེས་བོད་ས་ཡོངས་རྫོགས་མཚོན་གྱི་རེད། སྤྱིར་བོད་ནང་གི་གནས་སྟངས་གང་འདྲ་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་རེད། འོན་ཀྱང་ཕྱི་རྒྱལ་མི་སྣ་བོད་ནང་ཐེངས་མང་པོ་ཕྱིན་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་པ་ངོ་སྤྲོད་གནང་བ་དེ་ཁུངས་སྐྱེལ་ར་སྤྲོད་མཚོན་གྱི་ཡོད། ཅེས་གསུངས་ཡོད་པ་བཅས། །