༢༠༡༨ ཟླ་ ༣ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་དྲུག་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་བཏང་གནང་བར། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། བཀུར་འོས་སྤྱི་འཐུས་རྣམ་པའི་འཕྲོས་དོན་དྲི་བ་ཁག་ལའང་ལན་འདེབས་གསལ་བཤད་གནང་ཡོད། དེ་རིང་གི་ལས་རིམ་གཉིས་པ་མུ་མཐུད་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པ་ ༢༧ གྱིས་བགྲོ་གླེང་ཆ་ཤས་ལེན་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་ཡོད།
ཉིན་རྒྱབ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་བཅས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་ཁག་གི་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་ལེན་གནང་སྟེ་སྤྱི་མོས་ཐོག་གཏན་འབེབས་གནང་རྗེས། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད། དེ་བཞིན་གོང་གསལ་སྔོན་རྩིས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་འབྲེལ་ཡོད་ཕྱི་དྲིལ་བཀའ་བློན་མཆོག་ལ་དྲི་བར་བཏོན་གནང་བར། ཕྱི་དྲིལ་བཀའ་བློན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད།
ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་ (All India Vishua Hindu Parishad) ཞེས་པའི་ཚོགས་པའི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་ (Dr.Rajesh Sharma Ji) མཆོག་དང་ཁོང་གི་ཕྱག་རོགས་བཞི་གྲོས་ཚོགས་སུ་སྐུ་མགྲོན་དུ་བཅར་ཡོད་པ་བཅས།།