༢༠༠༡ ཟླ་ ༢ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་ཆེན་པོ་ཧོར་གྱི་ལོ་གསར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་མཛད་ཡོད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༣ ཉིན་གྱི་ཕྱེད་ཡོལ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པའི་སོག་པོའི་བླ་བྲང་རྒྱལ་མཁན་རྩེ་དང་། བླ་མའི་དགེ་རྒན་བླ་བྲང་གཉིས་དབུ་འབྱེད་རབ་གནས་མཛད་གྲུབ་བསྟུན་སྒོ་མང་གྲྭ་ཚང་གཙོ་བོར་གྱུར་བའི་གདན་སའི་ནང་སློབ་གཉེར་གནང་མཁན་དགེ་འདུན་པ་དང་། ཆོས་ཞུར་བཅར་བའི་སོག་པོ་སེར་སྐྱ་ཕོ་མོ་ ༣༠༠ ཙམ་ལ་ཟུར་མཇལ་བཀའ་དྲིན་ཆེ་བ་སྩལ་ཏེ་བཀའ་སློབ་ཕེབས་དོན། ཆེན་པོ་ཧོར་གྱི་ཡུལ་གྲུའི་བླ་ཆེན་ཁག་དང་། ཕྱི་སྲིད་བློན་ཆེན་(Mr.Voroshilov Enkhbold) དང་། དགེ་འདུན་རྣམ་པ། སེར་སྐྱ་ཕོ་མོ་ཚང་མར་དེ་རིང་སོག་པོའི་ལོ་གསར་འཁེལ་ཡོད་སྟབས། ཚང་མར་ལོ་གསར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད། བོད་དང་སོག་པོའི་དབར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། བར་སྐབས་སོག་པོ་དང་བོད་གཉིས་ཀར་དམར་པོའི་རིང་ལུགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་པར་བརྟེན། སངས་རྒྱས་ཀྱི་བསྟན་པར་ཡང་གོད་ཆག་ཆེན་པོ་བྱུང་ནས་འབྲེལ་བ་ཐག་རིང་དུ་ཕྱིན་ཡོད།
འོན་ཀྱང་རྗེས་སུ་སོག་པོར་རང་དབང་ཐོབ་སྟེ། བོད་པ་བཙན་བྱོལ་བ་ཆགས་པའི་གནས་སྐབས་སུའང་གདན་ས་ཆེན་པོ་དེ་དག་སླར་གསོ་ཐུབ་རྗེས་སོག་པོའི་ཡུལ་ཁག་དེ་དག་ནས་གྲྭ་བཙུན་ཡོང་རྒྱུའི་གོ་སྐབས་བྱུང་ཡོད། ང་ཚོའི་འབྲེལ་བ་བསྐྱར་གསོ་བྱུང་བ་རེད། ངོས་ཀྱང་ཕྱི་ལོ་ ༡༩༧༩ ལོར་སོག་ཡུལ་དུ་ཐེངས་དང་པོ་བསླེབས་པ་རེད། བོད་དང་སོག་པོ་གཉིས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཆགས་ཡོད་པ་ཙམ་མ་ཟད། འཛམ་གླིང་འདིའི་ནང་དུ་ནང་པ་ས་ཡ་བརྒྱ་ཕྲག་ཁ་ཤས་ཡོད་པ་དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འཛིན་མཁན་བོད་དང་སོག་པོ་གཅིག་པུ་ཡིན།
དེང་སང་ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོས་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་བྱེད་ཀྱི་འདུག དེ་བཞིན་ངོས་ཀྱི་ངོ་ཤེས་དེ་དག་གིས་རིགས་ལམ་སློབ་གཉེར་བྱེད་རྒྱུ་དེ་བཞིན་སློབ་ཚན་གཞན་དག་སློབ་ཁྲིད་བྱེད་སྐབས་སུའང་དེ་ལྟར་བྱེད་ཐུབ་ན་ཡག་ཡོད་པའི་སྐོར་ངོས་ལ་བརྗོད་བྱུང། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཚན་ཚན་རིག་དང་ཨང་རྩིས་སོགས་སློབ་སྦྱོང་བྱེད་སྟངས་དེ་རིགས་ལམ་ཐོག་ནས་སློབ་ཁྲིད་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། གལ་ཏེ་དེ་ལམ་ལྷོང་བྱུང་ན་རྗེས་སུ་ཆེན་པོ་ཧོར་གྱི་ཡུལ་གྲུའི་སློབ་གཉེར་ཁང་ནང་དུའང་དེ་ལྟར་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད། རིག་པས་དཔྱད་པ་བྱས་པ་དེས་ཞིབ་ཚགས་པོ་དབྱེ་བ་འབྱེད་ཐུབ་ཀྱི་ཡོད། རིགས་ལམ་གྱི་ལམ་ནས་དཔྱད་པ་བྱས་པ་དེས་སློབ་ཚན་གང་གི་ཐོག་ལ་ཡིན་ནའང་ཕན་ཐོགས་ཆེན་པོ་ཡོད་པ་ངོས་རང་ལ་ཉམས་མྱོང་ཆེན་པོ་བྱུང་ཞེས་བཀའ་སློབ་ཕེབས་ཡོད། སོག་པོའི་སློབ་གཉེར་བ་ཁྱེད་རང་ཚོས་སློབ་གཉེར་ཡག་པོ་བྱས་ཏེ། རང་ཉིད་རྣམ་མཁྱེན་བསྒྲུབ་རྒྱུའི་དགོས་པ་ཙམ་དུ་མ་ཟད། ཆེན་པོ་ཧོར་གྱི་ཡུལ་སྤྱིའི་ནང་ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་ཏན་ཏན་ཁྱེད་རང་ཚོས་ཞབས་འདེགས་སྒྲུབ་ཐུབ་རྒྱུ་ཡིན་པས་སློབ་གཉེར་ཡག་པོ་བྱེད་དགོས། སྤྱིར་བོད་སོག་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། གཉིས་ནས་༸རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་སོག་པོའི་དབར་འབྲེལ་ལམ་དམ་ཟབ་ཡོད་ཅེས་བཀའ་སློབ་སྩལ་ཡོད།
མཐའ་དོན་མགོན་པོ་གང་ཉིད་མཆོག་གིས་དོལ་རྒྱལ་སྐོར་ལ་བཀའ་སློབ་སྩལ་དོན། སྤྱིར་བོད་མི་བརྒྱ་ཆ་ ༩༩ ངོས་ཀྱིས་ལམ་སྟོན་ཐོག་ཡིད་ཆེས་བློས་འགེལ་དང་། རྒྱུ་མཚན་མཐོང་ནས་གནས་ཡོད། ཡིན་ནའང་ཉུང་ཤས་ཤིག་རྒྱུ་མཚན་གང་ཡིན་བསམ་བློ་མ་བཏང་བར་རྨོངས་ཞེན་བྱས་ནས་བསྡད་ཡོད། གསལ་བཤད་བྱེད་རྒྱུ་ངོས་ཀྱི་ལས་འགན་ཡིན། ཉན་དང་མ་ཉན་སོ་སོའི་རང་དབང་རེད། གནས་ཚུལ་ཆ་ཚང་ཤེས་ནས་བསྟེན་སྲོལ་བྱས་ན་ངོས་ལ་བསམ་འཆར་གང་ཡང་ཤོད་རྒྱུ་མེད། མ་ཤེས་པར་མགོ་བོ་རྨོངས་ནས་སྡོད་མེད། དེ་ཁྱེད་རང་ཚོས་གསལ་བཤད་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་ཕེབས་ནས་ཕྱི་སྲིད་བློན་ཆེན་མཆོག་དང་། བླ་སྤྲུལ་རྣམས་ལ་ཐུབ་དབང་སྐུ་བརྙན་རེ་དང་། མི་མང་ཚོར་སྐུ་པར་བཅས་གསོལ་རས་སྩལ་ཏེ་སྐུ་པར་ཡང་ལྷན་དུ་བསྒྲོན་གནང་མཛད་གྲུབ་མཚམས་མཐོ་ལྡིང་དགོན་པར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས། སྤྱིར་མོན་གྷོ་འདོད་རྒུ་གླིང་དུ་ཆེན་པོ་ཧོར་གྱི་ཡུལ་ནས་སློབ་གཉེར་བ་གྲངས་ ༢༣༠ ཙམ་ཞིག་ཡོད་པ་མ་ཟད། མང་ཤོས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ཡོད་པ་དང་། བསམ་བློ་ཁང་ཚན་ཞེས་ཟུར་དུ་ཡོད་འདུག སློབ་གཉེར་བ་དེ་དག་ནས་གདན་ས་སྤྱིའི་སློབ་གཉེར་གནང་སྟངས་ལྟར་གནང་བཞིན་ཡོད་པ་བཅས།།