༢༠༡༨ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཐོག་མར་ཇམ་མུ་གྲོང་ཁྱེར་ནང་གི་བཞུགས་གནས་གསོལ་མགྲོན་ཁང་དུ་ལ་དྭགས་དང་ཟངས་དཀར་ནས་མཇལ་བཅར་བ་རྣམས་ལ་བཀའ་སློབ་ཁྱུག་ཙམ་སྩལ་རྗེས་ཇམ་མུ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་མཛད་ནས་བཀའ་སློབ་སྩལ་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་མཇལ་བཅར་བ་རྣམས་ལ་བཀའ་སློབ་སྩལ་དོན། ཁྱེད་ཚོས་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱས་ནས་ཡོང་བ་རེད། ད་ཆ་དུས་རབས་ ༢༡ ནང་པ་ཞིག་བྱེད་དགོས་སྟབས། ཁ་འདོན་བཏོན་པ་ཙམ་དང་ཕྱག་མཆོད་འབུལ་ཙམ་གྱི་ཆོག་ཤེས་བྱས་ནས་དབང་རྟུལ་དད་པའི་རྗེས་འབྲང་པ་ཞིག་མིན་པར་རིག་པའི་ལམ་ནས་བརྟག་ཤིང་དཔྱད་དེ་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས། དེ་འདྲ་ཡོང་བར་ནང་ཆོས་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས། དེ་སྔ་བོད་ཀྱི་ལོ་པཎ་དང་མཁས་གྲུབ་དུ་མ་ལ་དྭགས་དང་ཟངས་དཀར་ས་ཁུལ་སོགས་བརྒྱུད་ནས་རྒྱ་གར་ནང་ཕེབས་པ་རེད།
ལྷག་པར་ཕྱིས་སུ་ལོ་རྩ་བ་རིན་ཆེན་བཟང་པོའི་སྐུ་དུས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའང་མཐོ་ལྡིང་རྒྱལ་པོའི་གསོལ་འདེབས་ཞུས་པ་ལྟར་ས་ཁུལ་དེ་དག་བརྒྱུད་ནས་རྒྱ་གར་ནས་བོད་དུ་ཕེབས་ཡོད། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ཚོས་ཁ་ཞེ་གཉིས་མེད་ཐོག་ནས་རང་རང་སོ་སོའི་ཆོས་ལ་ཉམས་ལེན་བྱས་པ་ཡིན་ན་ཆོས་ལུགས་ཚང་མས་མིའི་བསམ་བློར་སྙིང་སྟོབས་སྤེལ་ཐུབ། དེར་བརྟེན་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་བཀུར་ཞུ་བཞིན་ཡོད། ཆོས་ལུགས་མཐུན་འབྲེལ་ཟེར་བ་ཁ་ཡོད་ལག་ཡོད་ཅིག་ཡིན་པ་ནི་རྒྱ་གར་ལ་དཔེ་མཚོན་བཞག་ཆོག རྒྱ་གར་ནང་ལ་མཚོན་ནའང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་ལོ་ངོ་སྟོང་ཕྲག་རིང་ནས་འཚོ་གནས་ཐུབ་ཡོད། ཇམ་མུ་ཀ་ཤི་མིར་མངའ་སྡེ་འདིའི་ནང་དུའང་ཆོས་ལུགས་མཐུན་སྒྲིལ་རྒྱུན་སྐྱོང་བྱེད་བཞིན་ཡོད་སྟབས། ངོས་ཀྱིས་ལམ་སྲོལ་བཟང་པོ་དེ་མུ་མཐུད་ཁྱེད་ཚོས་རྒྱུན་སྐྱོང་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀའ་སློབ་སྩལ།
དེ་རྗེས་ཉེ་ཁུལ་ཇམ་མུ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་མཐོ་སློབ་དེའི་ཉེ་བའི་རིགས་བདག་སྐུ་ཞབས་ཨ་ཤོཀ་ཨེ་མ་ Prof Ashok Aima མཆོག་སོགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། མཛད་སྒོའི་ཐོག་མར་༸གོང་ས་མཆོག་དབུ་བཞུགས་ཐོག་ཉེ་བའི་རིགས་བདག་མཆོག་གིས་མཐོ་སློབ་དེ་ཐོག་མར་ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་གསར་འཛུགས་གནང་ནས་ད་བར་ཤེས་ཡོན་སོགས་ཀྱི་ཐོག་གྲུབ་འབྲས་ཇི་ཐོན་རྣམས་སྙན་སྒྲོན་ཞུས་གྲུབ་མཚམས། ཆེ་བསྟོད་ཀྱི་གཟེངས་རྟགས་དང་གསེར་གྱི་རྟགས་མ་སོགས་གཟེངས་རྟགས་དང་ཕྱག་འཁྱེར་ཁག་འབུལ་ལམ་ཞུ་རྒྱུའི་ལས་རིམ་ཡོངས་སུ་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསླབ་པ་མཐར་སོན་གྱི་མཛད་སྒོར་བཀའ་སློབ་སྩལ་དོན།
དེ་རིང་འདིར་ལག་འཁྱེར་ཐོབ་མཁན་གཞོན་སྐྱེས་ཁྱེད་ཚོ་མ་འོངས་རྒྱ་གར་གྱི་སོན་རྩ་ཆགས་ཡོད། ངོས་ཀྱི་དུས་རབས་ ༢༠ དང་ ༢༡ མི་རབས་ཞེས་དབྱེ་བ་གཉིས་སུ་འབྱེད་བཞིན་ཡོད། ངོས་རང་ལ་མཚོན་ན་དུས་རབས་ ༢༠ མི་རབས་ཆགས་ཡོད། ཁྱེད་ཚོ་ནི་དུས་རབས་ ༢༡ མི་རབས་ཡིན། དུས་རབས་ ༢༠ ལ་མཚོན་ན་འཚེ་བ་དང་དམག་འཁྲུག་གི་དུས་རབས་ཤིག་ཆགས་པ་རེད། དམག་འཁྲུག་དང་འཚེ་བའི་ལས་དེ་དག་ལ་བརྟེན་ནས་གལ་ཏེ་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་ཡོད་ཚེ་འཚེ་བའི་ལས་དེ་དག་སྤེལ་བ་དེར་རྒྱུ་མཚན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཆོག་ཀྱང་དེ་འདྲ་ཕལ་ཆེར་བྱུང་མེད།
དུས་རབས་དེའི་ནང་རྡུལ་ཕྲན་མཚོན་ཆ་སོགས་ལ་བརྟེན་ནས་མི་གྲངས་ས་ཡ་ཉི་བརྒྱའི་ཚེ་སྲོག་ཤོར་ཡོད། ཀུན་སློང་དང་དམིགས་ཡུལ་བཟང་པོ་ཇི་འདྲ་ཞིག་ཡོད་མིན་ལ་མ་ལྟོས་པར་འཚེ་བའི་དྲག་ཤུགས་བེད་སྤྱོད་བྱས་ཟིན་ཕྱིན་མཇུག་འབྲས་ཇི་ཡོང་ཧ་ཅང་ཚོད་དཔག་དཀའ་བ་ཞིག་ཡིན་པ་ཆོས་ཉིད་རེད།
དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཁོ་ནའི་ཐོག་འགྲོ་བཞིན་ཡོད་པ་མ་གཏོགས་མིའི་བཟང་པོའི་རིན་ཐང་དེ་དག་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། སྣ་སྔ་མོའི་དུས་སྐབས་སུ་བྱམས་བརྩེ་དང་བཟོད་སྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་དེ་དག་ཆོས་ལུགས་ཁག་གིས་སློབ་སྟོན་རྒྱུན་འཛིན་བྱེད་སྲོལ་ཡོད། འོན་ཀྱང་ད་ཆ་རིན་ཐང་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཞག་ནས་ཀླད་པ་ཡར་རྒྱས་བཏང་བ་དང་ལྷན་ནང་གི་བསམ་བློར་ཡར་རྒྱས་གཏོང་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ལྡི་ལི་བརྒྱུད་ཝཱ་ཎ་བོད་ཀྱི་མཐོ་སློབ་ཏུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་བཅས།།