ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ་ནས་ཟླ་ ༣ ཚེས་ ༢༤ རེས་གཟའ་སྤེན་པ་བར་ལས་དུས་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དངོས་སུ་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཟུར་ཉན་པ་རྣམ་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་བཀུར་འོས་སྤྱི་འཐུས་རྣམ་པ། ཟླ་བ་དྲུག་གི་རྗེས་ལ་ཡང་བསྐྱར་སྤྱི་པའི་ལས་དོན་ཐོག་དེ་རིང་འདིར་བཅར་ཐུབ་པར་ཚང་མར་དམིགས་བསལ་གྱིས་འཚམས་འདྲི་ཞུ་རྒྱུ་ཡིན།
དེ་རིང་སྐབས་ ༡༦ གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་ནང་དུ་ལས་རིམ་བཅུ་ཡོད། ལས་རིམ་དེའི་ནང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཡོད།
ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༦༣ ཙམ་ཡིན་པ་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་པ་གྲྭ་བསྟན་དགའ་ལགས་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་བོད་ཨ་མདོ་རྔ་པ་རུ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་འབོད་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་དཀོན་པེ་ལགས། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཡས་མས་སུ་བོད་མདོ་སྨད་རྔ་པའི་རྨེའུ་རུ་མ་རུ་ཆེན་བཞི་པ་གནམ་མཚོ་མ་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༤༤ ཡིན་པ་ཁོང་གིས་རང་ལུས་མེར་སྲེག་གནང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་པ་ཚེ་ཁོ་ལགས་བཅས་ཁོང་རྣམ་པ་གསུམ་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཡོད།
དེ་བཞིན་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་རྒྱ་གར་བ་སྐུ་ཞབས་ནནྡ་ཀི་ཤོར་ཏྲི་ཀ་ Dr Nand Kishore Trikha མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༥ ཉིན་སྐུ་ཚེའི་འཕེན་པ་རྫོགས་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གཅིག་དང་།
སྤྱི་འཐུས་སྐབས་གཉིས་རིང་ཞབས་ཞུ་མཐར་སོན་གནང་མྱོང་མཁན་སྤྱི་འཐུས་ཟུར་པ་ཧོར་གཙང་བློ་བཟང་བསྟན་འཛིན་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༩ ཉིན་སྐུ་ཚེ་མ་ཟིན་པ་དང་། དམ་པ་དེ་ཉིད་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཡོད། དེ་བཞིན་ལས་རིམ་གལ་ཆེ་བ་ཞིག་གདུང་སེམས་མཉམ་སྐྱེའི་གྲོས་འཆར་ཡོད། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་པ་ཞིག་ཆགས་ཡོད། དེའི་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཡོད།ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྒྲོལ་མ་ཚེ་རིང་ལགས་བཅས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་སྤྱི་འཐུས་རྒྱ་རིགས་མཐར་ལགས་ཀྱིས་སྒྲོགས་སྦྱང་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་འགོ་ཚུགས་ཡོད། །