ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །སུད་སི་སྐུ་ཚབ་དོན་ཁང་དང་། ཡུ་རོབ་ཁུལ་གྱི་བོད་རིགས་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ། ཡུ་རོབ་གཞོན་ནུ་མཐུན་ཚོགས། སུད་སི་བུད་མེད་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཐུན་མོང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ ཉིན་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༥༩ པའི་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་། ཡུ་རོབ་བོད་ཀྱི་བདེན་རྒྱབ་ཏུ་ལང་ཡོད། (Europe Stands with Tibet) ཅེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད།
གཞི་རྒྱ་ཆེ་བའི་ལས་འགུལ་དེ་ཉིད་སུད་སི་སྐུ་ཚབ་དོན་ཁང་དང་། ཡུ་རོབ་ཡུལ་གྲུ་ཨོ་སི་ཊི་རི་ཡ་དང་། སྦེལ་ཇམ། ཕ་རན་སི། འཇར་མ་ནི། ཨི་ཊ་ལི། ནེ་དར་ལེན་ཌི། སུ་ཝི་ཌེན། སུད་སི། དབྱིན་ཡུལ་བཅས་ཀྱི་བོད་རིགས་ཚོགས་པ་དང་། སུད་བོད་མཛའ་འབྲེལ་ཚོགས་པ་དང་། ཡུ་རོབ་གཞོན་ནུ་མཐུན་ཚོགས། གཞན་ཡང་སུད་སིའི་བུད་མེད་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་མཉམ་རུབ་ཐོག་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པའི་ལས་འགུལ་སྤེལ་བ་ཞིག་རེད་འདུག
ལས་འགུལ་སྣེ་ཁྲིད་མཁན་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ཟམ་མདོ་བྱམས་པ་ཚེ་རིང་ལགས་རྣམ་གཉིས་ཡིན་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གཙོས་གནད་ཡོད་མི་སྣ་མང་དག་ཅིག་གདན་ཞུ་གནང་འདུག གཞི་རྒྱ་ཆེ་བའི་ལས་འགུལ་དེ་ཉིད་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་གྲོང་ཁྱེར་སྤྱི་ཁྱབ་པ་དང་། འཇར་མན། སུད་སི། དབྱིན་ཡུལ། ཕ་རན་སི། ཨི་ཌ་ལི། ཅེག་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་གྲོས་ཚོགས་འཐུས་མི་དང་། བློན་ཆེན་ཟུར་པ་སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་སོགས་མི་སྣ་མང་དག་ཞིག་ཕེབས་ཏེ་དུས་དྲན་སྲུང་བརྩི་ཞུས་འདུག སྐབས་དེར་ཕྱི་ནང་གི་གཞས་པ་ཁག་གཅིག་ནས་ཀྱང་རྒྱལ་ཞེན་གྱི་གླུ་དབྱངས་ལེན་པ་སོགས་གནང་འདུག
དེ་ཉིན་གནམ་གཤིས་དེ་ཙམ་ཡག་པོ་བསྟན་མེད་ཀྱང་ལས་འགུལ་ནང་ཡུ་རོབ་ཡུལ་གྲུ་འདྲ་མིན་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཁྱོན་མི་གྲངས་ ༤༠༠༠ ཙམ་མཉམ་ཞུགས་གནང་འདུག གཞི་རྒྱ་ཆེ་བའི་ལས་འགུལ་དེ་འདྲ་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་སྦེལ་ཇམ་གྱི་རྒྱལ་ས་ Brussels དང་། དེ་རྗེས་ཕྱི་ལོ་ ༢༠༡༥ ལོར་ཕ་རན་སིའི་རྒྱལ་ས་པེ་རི་སི་བཅས་སུ་སྤེལ་ཡོད། ད་ལམ་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་སྤེལ་བའི་ལས་འགུལ་སྤེལ་ཐེངས་གསུམ་པ་ཆགས་ཡོད། སུད་སི་བོད་དོན་ཞི་རྒོལ་ལས་འགུལ་འདི་ཉིད་འགོ་འཛུགས་མ་གནང་གོང་སྟེ་ཕྱི་ཚེས་ ༨ ཉིན་ཇི་ནི་ཝ་གྲོང་ཁྱེར་དུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་སོགས་ཀྱིས་ལས་འགུལ་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་བཅས།།