༢༠༡༨ ཟླ་ ༣ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ ཉིན་སྦེལ་འཇམ་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག སྐབས་དེར་ས་གནས་བོད་མི་བརྒྱ་ཕྲག་བརྒལ་བས་ལག་ཏུ་བོད་ཀྱི་རྒྱལ་དར་སོགས་ཐོགས་ནས་རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་གནང་འདུག
དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལས་ཁུངས་ཀྱི་མདུན་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་སྦྲགས་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས། སྤྱིར་མཛད་སྒོའི་སྐབས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན་གྱིས་དུས་དྲན་ངོ་སྤྲོད་དང་། སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐོག་མར་གསུམ་བཅུའི་དུས་དྲན་གྱི་རྒྱབ་ལྗོངས་ལོ་རྒྱུས་མདོར་ཙམ་ངོ་སྤྲོད་གནང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་དུས་འགྱུར་བྱུང་བའི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་བ་དང་། ལྷག་པར་རིག་གནས་གསར་བརྗེ་བྱུང་རྗེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་ཉམས་ཆག་ཧ་ཅང་བྱུང་ཡོད་ཀྱང་།
གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། རླབས་ཆེན་གྱི་མཛད་རྗེས་སོགས་ལ་བརྟེན་ནས་བོད་མིའི་འཐབ་རྩོད་ཀྱི་ནུས་པ་རིམ་བཞིན་རྒྱལ་སྤྱིའི་སྟེང་རྒྱ་ཁྱབ་ཆགས་ཐུབ་པ་མ་ཟད། རྒྱ་གར་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་གང་སར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་མུ་མཐུད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱུང་ཐུབ་སྐོར་སོགས་གསུངས།
དེ་བཞིན་ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་གཞུང་གི་དཔལ་འབྱོར་དང་དམག་ཤུགས་ངོམ་སྟེ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གང་སར་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པ་ནི། ཉེ་ལམ་སྣུམ་འཁོར་བཟོ་ལས་ཁང་གྲགས་ཆེ་བ་མར་སི་ཌི་ཛི་ Mercedes Benz ལ་གནོན་ཤུགས་སྤྲད་དེ་༸གོང་ས་མཆོག་གི་བཀའ་སློབ་ཚོང་ལས་སྡེ་ཚན་གྱི་དྲིལ་བསྒྲགས་ནས་ཕྱིར་བསྡུ་བྱ་དགོས་ཐུག་པའི་སྐོར་སོགས་ངོ་སྤྲོད་གནང་།
མཐར་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ལྕམ་སྐུ་མི་ལ་ནི་ཡ་བྷོ་ལོན་ཌེ་ལེ་ Melanie Blondelle ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས་བོད་ཀྱི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཡིན་སྟབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་སོགས་གསུངས།
མཛད་སྒོ་གྲུབ་མཚམས་ཁུལ་དེ་ནས་རྒྱ་ནག་གཞུང་ཚབ་བར་ཞི་བའི་གོམ་བགྲོད་གནང་འདུག ཐེངས་འདིར་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་ཁུངས་མདུན་དུ་གཞི་རྒྱ་ཆེ་བའི་ཞི་རྒོལ་རྔམ་སྟོན་སྤེལ་ཆེད་སྦེལ་འཇམ་ནས་ཀྱང་བོད་མི་མང་པོ་ཞིག་ཁུལ་དེར་ཆེད་བསྐྱོད་གནང་ཡོད་ཀྱང་། སྦེལ་འཇམ་དུ་གསུམ་དུས་ལས་འགུལ་སྤེལ་ཉིན་མི་གྲངས་ ༢༠༠ བརྒལ་བས་མཉམ་ཞུགས་གནང་ཡོད་པ་མ་ཟད། སྦར་སེལ་སྐུ་ཚབ་དོན་ཁང་གི་མཐུན་འགྱུར་འོག་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་ནེ་གི་ Negy མཆོག་རྣམ་གཉིས་ཀྱང་སུད་སི་གྲོང་ཁྱེར་ཇི་ནི་ཝར་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་བཅས།།