ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༩ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་ཤེས་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་སྐོང་ཚོགས་གནང་བའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར། ཕྱི་ལོ་༢༠༡༨ ཟླ་ ༣ ཚེས་ ༧ ནས་ ༩ བར་ཉིན་གསུམ་རིང་གཞུང་དོན་ཕྱོགས་ཕེབས་གནང་།
དེ་ཡང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཆོས་ཤེས་བཀའ་བློན་མཆོག་ཚོགས་ཕེབས་ཀྱིས། མཐོ་སློབ་ཁག་ ༡༨ ནས་ཕེབས་པའི་བོད་རིགས་མཐོ་རིམ་སློབ་མ་ཚོར་ཤེས་ཡོན་དང་འགན་འཁྲི་ཐོག་གསུང་བཤད་ཟབ་རྒྱས་གནང་བ་དང་། མ་འོངས་མཐོ་རིམ་སློབ་མའི་ཤེས་ཡོན་གྱི་གནས་བབ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཟིགས་རྟོག་སོགས་ཀྱི་སྐོར་དྲི་བ་དྲིས་ལན་གནང་།
དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༢ ཐོག་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་གནང་དོན། ང་ཚོར་སྤྱི་དོན་སེམས་བསྐྱེད་ཅེས་པ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་མཐོང་། ཆོས་ཕྱོགས་ནས་དེ་ལ་གཞན་དོན་སེམས་བསྐྱེད་ཟེར། སྒེར་དོན་སེམས་བསྐྱེད་ལ་ཐུགས་སྣང་ཆུང་བ་དང་། སྤྱི་དོན་སེམས་བསྐྱེད་ལ་ཐུགས་སྣང་ཆེ་བ་ཞིག་གནང་ཐུབ་ན་ཡག་པོ་འདུག ཅེས་དང་། བར་ལམ་ནས་ྋགོང་ས་མཆོག་གི་བཀའ་གནང་བ་བཞིན་བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་པས། དེ་ད་ལྟ་གཞི་རིམ་སློབ་གྲྭ་ནང་འདོད་བློ་ལ་ཁེངས་པ་ཞིག་ཡོད། རྣམ་པ་ཚོས་གཞི་རིམ་སློབ་གྲྭ་བརྒྱུད་པ་ཤ་སྟག་རེད། འོན་ཀྱང་མཐོ་རིམ་སློབ་གྲྭའི་སྐབས་སུའང་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་གནང་དགོས་ཀྱི་འདུག བོད་ཀྱི་སྐད་ཡིག་དེ་བྱང་ཆུབ་སེམས་པའི་སྐད་ཡིག་ཅིག་རེད་ཅེས་སྔོན་བྱོན་སྐྱེས་བུ་དམ་པ་མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་གསུངས་ཡོད། དེ་བཞིན་རིག་གསར་གྱི་ཐ་སྙད་དེ་ཚོ་བོད་ཀྱི་སྐད་ཡིག་ཐོག་ཏུ་ཡོད་དགོས་སྐོར་བཅས་སྐད་ཡིག་ཡར་རྒྱས་དང་། ཤེས་ཡོན་གྱི་འགན་འཁྲི་སོགས་ཀྱི་ཐོག་གསུང་བཤད་ཟབ་ཅིང་རྒྱས་པ་གནང་ཡོད་པ་བཅས།།