ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིག་ནས་སྦེལ་ཇམ་ནང་ཕེབས་འབྱོར་གྱིས་ཉིན་གྲངས་གཉིས་རིང་ཁུལ་དེར་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་གནང་འདུག
དེ་ཡང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཐེངས་འདིར་ས་གནས་སུ་འཚམས་གཟིགས་གནང་དགོས་དོན་གཙོ་བོ་ནི། ས་གནས་བོད་མི་རྣམས་ལ་དཔྱ་ཁྲལ་ལག་དེབ་སྐོར་གོ་རྟོགས་སྤེལ་ཏེ་བོད་མི་རྣམས་ནས་དང་བླངས་དཔྱ་དངུལ་གྱི་འབུལ་འབབ་གནང་ཐབས་དང་། དེ་འབྲེལ་དཔྱ་ཁྲལ་ལག་དེབ་ཀྱི་ལས་དོན་ལྷག་འཕྲོད་ཁག་མཇུག་སྐྱོང་དང་། ཕར་འགྱངས་གནང་དགོས་རིགས་གནང་བ་སོགས་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་ཁག་སེལ་རྒྱུའི་ཆེད་དུ་ཡིན།
ལས་དོན་དེ་དང་བསྟུན་བཀའ་བློན་མཆོག་གིས་ས་གནས་བོད་རིགས་ཚོ་ཟུར་དུ་ཐུགས་འཕྲད་གནང་སྟེ་བོད་མི་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་གཙོ་ཆེ་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་དང་ལས་འགན། ལས་དོན་གནང་ཕྱོགས་སྐོར་སྤྱི་དང་། ལྷག་པར་དཔལ་འབྱོར་ལས་ཁུངས་ཀྱི་ལས་དོན་སྐོར་ངོ་སྤྲོད་གནང་འདུག ཕྱོགས་མཚུངས་ས་གནས་བོད་མིའི་དོགས་འདྲི་ཁག་ལ་ལན་འདེབས་ཕྲིབ་རྒྱས་དང། དེ་བཞིན་ལག་དེབ་སྔོན་པོའི་སྐོར་གོ་རྟོགས་སྤེལ་གནང་ཡོང་བའི་འབོད་སྐུལ་ཡང་གནང་འདུག་པ་བཅས།།