ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་ནང་ཕྱོགས་ཕེབས་ཀྱི་ཉིན་མཐའ་མར་རྒྱལ་ས་ཨོ་སི་ཀའི་ཚོགས་ཁང་ནང་མི་མང་ ༢༥༠ ཙམ་ལ་གསུང་བཤད་གནང་འདུག
དེ་ཡང་མཛད་སྒོ་གོ་སྒྲིག་གནང་མཁན་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་ཚོགས་པ་ཡིན་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལ་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་གནང་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་ཏང་གི་ཚོགས་ཆེན་ཐེངས་ ༡༩ པའི་སྐབས་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དེས་ཚོགས་པ་གཅིག་གི་དབང་འཛིན་གྱི་ནུས་པ་རྒྱ་སྐྱེད་གཏོང་རྒྱུ་དང་། མང་གཙོ་དང་རང་དབང་ལ་ཉེན་ཚབས་སྤྲོད་ཀྱི་ཡོད་སྐོར་གསུངས་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ངོས་ནས་བོད་ལ་ཕྱོགས་ལྷུང་མེད་པ་བྱས་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་དེས་འཛམ་གླིང་ནང་གི་རྒྱལ་ཁབ་གཞན་ཁག་གི་གཞི་རྩའི་ཐོབ་ཐང་ལ་རྡོག་རྫིས་གཏོང་རྒྱུའི་བློ་སྤོབས་རྙེད་ཡོད་སྐོར་དང་། དེ་བོད་ནས་འགོ་འཛུགས་ཏེ་ཁྱེད་ནས་མཇུག་བསྡུ་རྒྱུ་ཡིན་པར་བརྟེན། རྒྱ་ནག་མང་གཙོར་འགྱུར་བ་གཏོང་རྒྱུའམ་ཡང་ན་ང་ཚོ་འགྱུར་བ་ཕྱིན་ནས་རྒྱ་ནག་གི་སྟངས་འཛིན་འོག་གནས་དགོས་པ་ལས་གཞན་ང་ཚོར་འདམས་ཀ་གང་ཡང་མེད་ཅེས་གསུངས་གནང་འདུག
རྒྱ་ནག་གཞུང་གིས་རྒྱལ་ཁབ་མང་པོ་ཞིག་ལ་གནོན་ཤུགས་སྤྲད་ཀྱི་ཡོད་པ་དང་། ལྷག་པར་ཉེ་ལམ་ང་རང་ལྷོ་ཨ་ཕི་རི་ཀའི་ནང་ཁྲིམས་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་གཏམ་བཤད་ཆེད་མགྲོན་འབོད་གནང་ཡོད་པ་དང་། སྐབས་དེར་བོད་དོན་དང་འབྲེལ་བའི་སྐད་ཆ་ཤོད་རྒྱུར་བཀག་འགོག་བྱས་པ་དང་། དེ་བཞིན་རྒྱ་གཞུང་གིས་ཨོ་སི་ཀྲི་ལི་ཡའི་ནང་དགེ་རྒན་གྱིས་བོད་དང་ཐེ་ལྦན། གནམ་སྡེ་སྒོ་མོའི་སྐོར་གླེང་བ་ཡིན་ན། རྒྱ་ནག་སློབ་ཕྲུག་གིས་དགེ་རྒན་ལ་མེ་མདའ་བརྒྱབ་པ་སོགས་སློབ་གསོའི་རང་དབང་ཐོག་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་ཤེས་རྟོགས་བྱུང་ནས་ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་ནས་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་གཞི་རྩའི་རང་དབང་ཐོག་ཐེ་བྱུས་བྱས་པར་ངོ་རྒོལ་གྱིས་གྲོས་ཆོད་བཞག་གནང་ཡོད་ཅེས་གསུངས་གནང་འདུག
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་ནས་དྲང་བདེན་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མང་གཙོ་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་དེས་ཉེ་ཧོང་ནང་རང་དབང་ཐོག་ཉི་ཧོང་མི་མང་ལ་སྐད་ཆ་ཤོད་རྒྱུ་བྱུང་བ་དང་། ལྷག་པར་ཉི་ཧོང་ནི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་ཅེས་གསུངས་གནང་འདུག
དེ་བཞིན་ཉི་ཧོང་ནང་བཞིན་བོད་མི་རྣམས་ལ་སེམས་ཤུགས་དང་ནུས་པ་ཡོད་པ་ལྟར། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་གཏོང་བ་དེ་དག་བོད་མི་རྣམས་ནས་ཉམས་པ་སླར་གསོ་བྱས་ཡོད་པ་དང་། དེང་གི་ཆར་འཛམ་གླིང་ནང་ནས་ནང་པའི་མི་འབོར་མང་ཤོས་རྒྱ་ནག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་བྱས་པ་དེས་འཚེ་མེད་ཞི་བ་དང་། གྲོས་མོལ། རང་དབང་། འགྲོ་བ་མིའི་ཐོབ་ཐང་། མང་གཙོ་བཅས་ལ་རྒྱབ་སྐྱོར་བྱས་པ་མཚོན་གྱི་ཡོད་སྐོར་གསུངས་གནང་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཛད་སྒོར་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁྱེད་ཚོ་འདིར་ཕེབས་ཐུབ་པ་དེས་རྒྱ་ནག་གཞུང་གི་གཉའ་གནོན་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་རེ་བ་དང་སེམས་ཤུགས་ཀྱི་བརྡ་ལན་སྤྲོད་ཐུབ་ཀྱི་ཡོད་ཅེས་གསུངས་གནང་འདུག །