ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༩ དང་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཇེ་ནེ་ཝ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་རེ་མེ་པ་གྷ་ནི་ Mr. Rémy Pagani ལགས་དང་། སུད་སིའི་གཞུང་འབྲེལ་མི་སྣ། དེ་བཞིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སིའི་རྒྱལ་ས་བྷན་ Bern དུ་སུད་སིའི་གཞུང་འབྲེལ་ Swiss Federal government མི་སྣ་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་དང་། བོད་མཐོ་སྒང་གི་ཁོར་ཡུག་གི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། སུད་སི་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་དང་འགྲོ་བ་མིའི་ཐོང་ཐང་གི་སྐོར་ལ་སྔར་ལས་ལྷག་པའི་དོ་སྣང་བྱེད་དགོས་པའི་རེེ་སྐུལ་གནང་ཡོད། ལྷག་པར་སུད་སི་གཞུང་གིས་སུད་སིའི་ནང་ཡོད་པའི་བོད་མིའི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་རྣམས་སེལ་དགོས་པའི་རེ་སྐུལ་དང་། སུད་སི་གཞུང་ནས་མི་ལོ་ངོ་ ༦༠ རིང་བོད་མིའི་སྐྱབས་བཅོལ་བར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་གནང་བ་དང་ལྷན་ཕྱི་ལོ་ ༢༠༡༨ ཟླ་ ༣ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ དབར་ལོ་གཅིག་ཧྲིལ་པོར་སུད་སི་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་སྐོར་གསུངས་ཡོད།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིདང་མཇལ་འཕྲད་གནང་སྟེ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་བསྡུར་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་དང་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་སུད་བོད་མཛའ་འབྲེལ་ཚོགས་པས་ Swiss-Tibetan Friendship Association ཉིན་གུང་གསོལ་ཚིགས་གོ་སྒྲིག་ཞུས་ཡོད་པ་དང་། ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་ཇེ་ནེ་ཝར་ Geneva ཕེབས་ཐོན་གྱིས་ཁུལ་དེར་འབྱོར་སྐབས་ཇེ་ནེ་ཝ་ Geneva ས་གནས་བོད་མི་ཚོས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣༠ ཉིན་གྱི་སྔ་དྲོ་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་ཉིན་རེའི་ཚགས་པར་གྲགས་ཅན་ Le Temps ཞེས་པའི་གསར་འགོད་པ་སྐུ་ཞབས་ཀོ་ལེར་ Fédéric Koller ལགས་ཀྱི་བཅར་འདྲིར་དང་ལེན་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇེ་ནེ་ཝ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་རེ་མེ་པ་གྷ་ནི་ Mr. Rémy Pagani ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐུ་ཞབས་རེ་མེ་པ་གྷ་ནི་ལགས་ནི། སྤྱི་ཚོགས་ལས་འགུལ་བ་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྐོར་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། དཔལ་ལྡན་སྲིད་སྐྱོང་མཆོག་དང་སྐུ་ཞབས་རེ་མེ་པ་གྷ་ནི་ལགས་རྣམ་གཉིས་ཀྱིས་བོད་དོན་སྐོར་ལ་བཀའ་མོལ་གྲུབ་འབྲས་ལྡན་པ་ཞིག་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་སྐུ་ཞབས་རེ་མེ་པ་གྷ་ནི་ལགས་ལ་བོད་ཀྱི་རྒྱལ་དར་ཞིག་ཕྱག་རྟགས་སུ་གནང་བ་དང་འབྲེལ། ཡུ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཇེ་ནི་ཝ་ནང་འདི་ལོར་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་ཀྱིས་གསུང་བཤད་གནང་སྐྱོང་ཡོང་བའི་མགྲོན་འབོད་གནང་བར་སྐུ་ཞབས་རེ་མེ་པ་གྷ་ནི་ལགས་ཀྱིས་དགའ་ཚོར་ཆེན་པོའི་སྒོ་ནས་ཞལ་བཞེས་ཞུས་ཡོད།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་གནང་སྟེ་འབྱུང་འགྱུར་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་སྟངས་ཐད་ལ་བཀའ་མོལ་གནང་ཡོད་པ་བཅས།།