ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། བཞུགས་སྒར་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གྷ་གྷལ་གནམ་ཐང་དུ་༧ཞབས་སོར་བདེ་བར་འཁོད་སྐབས་གསར་འགོད་པའི་དྲིས་བར་བཀའ་ལན་སྩལ་དོན། ཁ་སང་ཕྱི་ཚེས་ ༣༠ ཉིན་ལྡི་ལི་མེཀ་སི་ Max སྨན་ཁང་དུ་འཆར་ཅན་ལྟར་ལུས་པོ་བརྟག་དཔྱད་བྱས་པ་ཡིན། གྲུབ་འབྲས་ཧ་ཅང་ཡག་པོ་འདུག ད་ཆ་ངོས་རང་ལོ་ ༨༢ ཡིན། གང་ལྟར་ལོ་རེ་བཞིན་ཐང་ཆད་རྒྱུ་མང་དུ་འགྲོ་གི་འདུག ངོས་རང་མུམ་བྷེ་དང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ། སྦེལ་ཀོབ། སྦེང་ལོར། དེ་བཞིན་ཝཱ་རཱ་ཎ་སི་དང་རྡོ་རྗེ་གདན་བཅས་སུ་ཆོས་འབྲེལ་སོགས་ཀྱི་སླད་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ཕྱིན་ཡོད། དུས་ཡུན་དེ་དག་གི་རིང་ལ་ངོས་ཀྱི་གདོང་པར་གྱུར་བ་ཕྱིན་འདུག་གམ། ཞེས་ཞལ་ཤོབ་མཛད།
དེ་ནས་གསར་འགོད་པ་ཞིག་གིས་ཉེ་ཆར་གནས་མཆོག་རྡོ་རྗེ་གདན་གྱི་དོན་རྐྱེན་སྐོར་གཟིགས་ཚུལ་ཇི་བྱུང་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ས་གནས་རང་ལ་གནས་ཚུལ་དེ་ཙམ་ཛ་དྲག་པོ་ཞིག་བྱུང་མེད། ས་གནས་ཉེན་རྟོག་པས་འགན་ཁུར་ཆ་ཚང་གནང་བ་རེད། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་ཚབས་ཆེ་བཟོས་པ་མ་གཏོགས་གཞན་གནས་ཚུལ་ཚབས་ཆེ་རིགས་གང་ཡང་བྱུང་མེད། ཅེས་བཀའ་ལན་སྩལ། །