༢༠༡༡ ཟླ་ ༡ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༧ ནས་ ༢༨ བཅས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཁ་ཆེའི་ཇ་མི་ཡ་མི་ལ་ཡི་གཙུག་ལག་སློབ་གྲྭ་ཆེན་མོའི་ (Jamia Millia Islamia University) ནང་གཙུག་ལག་སློབ་གྲྭའི་གསར་འགོད་ལས་རིགས་ལ་སློབ་གཉེར་བྱེད་མཁན་ལོ་རིམ་མཐའ་མའི་སློབ་མ་ཚོས་དང་བླངས་ཀྱིས་གོ་སྒྲིག་འོག་བོད་ཀྱི་འགྲོ་ལམ། (Road to Tibet) ཞེས་པའི་སྤྱིར་བོད་ཀྱི་རིག་གཞུང་དང་ལྷག་པར་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ད་ལྟའི་གནས་སྟངས་དང་མ་འོངས་པའི་མདུན་ལམ་སོགས་ཀྱི་གནས་སྟངས་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་དང་གློག་བརྙན། དངོས་བྱུང་གློག་བརྙན། དེ་བཞིན་བགྲོ་གླེང་ཚོགས་འདུ་སོགས་གོ་སྒྲིག་བྱས་ཡོད།
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་མཆོག་གིས་མཛད་སྒོ་དབུ་འཛུགས་དང་འབྲེལ་བོད་དང་བོད་མིའི་གནས་སྟངས་སོགས་ངོས་སྤྲོད་གནང་དོན། བོད་མི་སྐྱབས་བཅོལ་བའི་གནས་སྟངས་ངོ་མ་ཇི་ཡིན་ཤེས་ཐུབ་རྒྱུར་རྒྱ་གར་ནང་བོད་མི་སྐྱབས་མཅོལ་བའི་སྡོད་གནས་སུ་དངོས་སུ་ཕྱིན་ཏེ་རྟོག་ཞིབ་བྱེད་དགོས།
བཙན་བྱོལ་བོད་མི་རྣམས་ཀྱི་གནས་སྟངས་ལམ་ལྷོང་ལྡན་པ་ཞིག་ཡོང་ཐུབ་པ་དེ་ཕྱོགས་གཅིག་ནས་རྒྱ་གར་གཞུང་དང་མི་མང་གི་རྒྱབ་སྐྱོར་དང་མཐུན་འགྱུར་ལས་བྱུང་བ་ཞིག་ཡིན་ཞེས་གསུངས་པ་མ་ཟད། གཙུག་ལག་སློབ་གྲྭའི་གསར་འགོད་ལས་རིགས་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཚོས་ཕྱོགས་ལྷུང་སྤངས་ཏེ་བོད་ཀྱི་གནད་དོན་ངོ་མ་ཇི་ཡིན་འཚོལ་ཞིབ་བྱེད་དགོས་སྐོར་གྱི་འབོད་སྐུལ་གནང་དོན། བོད་ཀྱི་གནད་དོན་དེར་རྒྱ་ནག་གཞུང་ཕྱོགས་ཀྱིས་འགྲེལ་བཤད་བྱེད་ཚུལ་གཅིག་དང་བོད་མི་ཚོས་འགྲེལ་བཤད་བྱེད་ཚུལ་གཉིས་ཡོད་པས་མགོ་རྙོག་ཏོག་ཙམ་ཡོད། དེར་བརྟེན་ཕྱོགས་གཉིས་ཀའི་གནས་ཚུལ་ཞིབ་ཚགས་རྒྱུས་མངའ་ལོན་པའི་ཐོག་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་གང་ཡིན་སློབ་མ་ཚོས་ཕྱོགས་ལྷུང་སྤངས་ཏེ་ཞུང་དྲང་པོའི་ཐོག་རྟོག་ཞིབ་བྱེད་ཐུབ་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས།
གཞན་ཡང་སྐབས་དེར་རྒྱ་གར་གྱྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱ་ནག་ཏུ་རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་སལ་མན་ཧེ་དྷར(Salman Haider) ལགས་ཀྱིས་ཇ་མི་ཡ་གཙུག་ལག་སློབ་གྲྭའི་སློབ་མ་ཚོས་བཙན་བྱོལ་བོད་མི་ཚོས་གནས་སྟངས་དང་བོད་ཀྱི་ལེགས་བྱང་ལ་དོ་སྣང་བྱས་པར་བསྔགས་བརྗོད་ཞུས་པ་དང་སྦྲགས་གསུང་དོན། རྒྱ་གར་དང་བོད་གཉིས་དབར་ཐུན་མིན་ཆོས་དང་རིག་གཞུང་གི་འབྲེལ་བ་ཞིག་ཡོད། ལྷག་པར་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་ཡུལ་མི་གཙོ་ཆེ་བས་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཡིན་པ་བོད་མི་ཚོ་དང་གཅིག་མཚུངས་ཆགས་ཡོད། བོད་མི་རྣམས་རྒྱ་གར་གྱིས་གཙིགས་ཆེར་འཛིན་རྒྱུའི་སྐུ་མགྲོན་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་མཐུན་སྒྲིལ་ཡོང་རྒྱུའི་མཛད་བྱུས་ལ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཞུ་དགོས། དེ་ལྟར་བྱས་ཚེ་རྒྱ་གར་དང་བོད་མི་རིགས་གཉིས་ཀྱི་མཛའ་བརྩེའི་འབྲེལ་ལམ་དེ་སྔར་བས་སྲ་བརྟན་དང་ཇེ་བཟང་དུ་འགྲོ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་ཞེས་གསུངས། ཕྱོགས་མཚུངས་གཙུག་ལག་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་སྐུ་ཞབས་ཨེ་སི་ཨེམ་ར་ཤི་ཌི(SM Rashid) ལགས་ཀྱིས་གསུང་དོན།
བོད་མི་ཚོར་རང་གི་རྒྱལ་ཁབ་རང་ལ་དབང་བའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡོད། བོད་མི་ཚོའི་ཡང་དག་པའི་མངོན་འདོད་ཀྱི་འབོད་སྒྲ་དེ་ཡལ་མ་འཇུག་པར་དེར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས། ཕྱི་ཚེས་ ༢༧ ཉིན་རྒྱབ་སློབ་མ་ཚོས་བོད་ཀྱི་གནད་དོན་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་སྐར་མ་གཅིག་རིང་ངག་བཅད་གནང་ཡོད། ཕྱི་ཚེས་ ༢༨ ཉིན་ཏ་ཧེལ་ཀ་དུས་དེབ(Tehelka Magazine) ཀྱི་རྩོམ་སྒྲིག་ལས་རོགས་སྐུ་ཞབས(Mr.Vijay Sinha) དང་། གསར་འགོད་པ་སྐུ་ཞབས་ཝི་ཇེ་ཀ་རན་ཏི་ (Vijay Kranti) བོད་མི་གཞོན་སྐྱེས་རང་བཙན་འཐབ་རྩོད་པ་སྐུ་ཞབས་བསྟན་འཛིན་བརྩོན་འགྲུས་ལགས་བཅས་མཉམ་ཞུགས་ཐོག་བཙན་བྱོལ་བོད་མི་དང་འབྱུང་འགྱུར་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད། གཙུག་ལག་སློབ་གྲྭའི་གསར་འགོད་ལས་རིགས་ལ་སློབ་གཉེར་བྱེད་མཁན་ལོ་རིམ་མཐའ་མའི་སློབ་མ་ཚོས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༣༠ ནས་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༤ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐོར་བསྐྱོད་གནང་འདུག་པ་བཅས།།