༢༠༡༡ ཟླ་ ༡ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ལ་བོད་དོན་སེལ་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་རྒྱུའི་འབོད་སྐུལ་གནང་བར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་ཕྱི་སྲིད་ལས་ཁུངས་བརྒྱུད་ཨ་རིའི་སྲིད་འཛིན་མཆོག་ལ་ཐུགས་རྗེ་ཆེ་ཞུས་ཡོད། གནད་དོན་དེའི་སྐོར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་མཆོག་གིས་གསུང་དོན།
ཨ་རིའི་སྲིད་འཛིན་མཆོག་གིས་བོད་དོན་སྐོར་ཤུགས་ཆེན་པོའི་ཐོག་ནས་བཀའ་གནང་བ་དེར་ང་ཚོ་ཞེ་དྲག་བློ་ཁ་ཚིམ་པོ་བྱུང༌། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ལོར་ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་ལས་ཀྱང་ད་རེས་ཤུགས་ཆེ་བ་བཀའ་གནང་ཡོད།
ཕྱི་ལོ་ ༢༠༠༩ ལོར་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མཆོག་གིས་གཞི་རྩའི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཕྱོགས་གཉིས་ཀྱི་བསམ་ཚུལ་མི་མཐུན་པ་ཡོད་ཚེ་དེ་དག་སེལ་ཆེད་ང་ཚོས་གྲོས་མོལ་ཡོང་རྒྱུར་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད།
ད་རེས་སྲིད་འཛིན་ཨོ་བྷ་མས་ཁ་གསལ་དུ་བཏང་སྟེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོ་བོ་དང་འབྲེལ་བ་ཡོད་ཚུལ་གསལ་པོ་གསུངས་ཡོད། དེ་མ་ཐག་ངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་ཨ་རིའི་སྲིད་འཛིན་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཆེད་བཅར་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་གསུངས་ཡོད་པ་བཅས།།
་
ཨ་རིའི་སྲིད་འཛིན་མཆོག་ལ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་གིས་ཐུགས་རྗེ་ཆེ་ཞུས་པ།
གསར་གནས།
འབྲེལ་གནས།