༢༠༡༨ ཟླ་ ༡ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༧ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དབུ་འབྱེད་མཛད་སྒོ་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཡོད།
དེ་ཡང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་རྣམས་ནི། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཁྱབ་འཆར་འགོད་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། སྐུ་བཞབས་ཨ་ལོག་པྲ་སཱད་ Mr.Alok Prasad ལགས་བཅས་ཡིན་འདུག
དེ་ཡང་དབུ་འབྱེད་ཀྱི་ཐོག་མར་རྟེན་འབྲེལ་མཚོན་བྱེད་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་དཔལ་འབྱོར་བཀའ་བློན་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། སྤྱི་ཁྱབ་འཆར་འགོད་པ་དཀོན་མཆོག་བརྩོན་འགྲུས་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའིི་འགན་འཛིན་དྲུང་འཕར་གནས་རིམ་ཚད་མཉམ་སྐལ་བཟང་རྡོ་རྗེ་ལགས། འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཐོག་དགེ་འདུན་པ་གཉིས་ཀྱིས་ཤིས་བརྗོད་གསུང་འདོན་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་འགན་འཛིན་ལྷན་ཚོགས་རྣམ་པས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་ལས་བྱེད་རྣམས་ཀྱིས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་སྤྱི་ཁྱབ་འཆར་འགོད་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། ཚང་མས་མཁྱེན་གསལ་ལྟར་དཔལ་འབྱོར་ལས་ཁུངས་ཀྱིས་ཁྱབ་ཁོངས་འོག་ལོ་ཤས་གོང་ལ་དངུལ་ཁང་ལྟ་བུའི་སྒྲིག་འཛུགས་ཤིག་དགོས་ཀྱི་ཡོད་པ་ཐོག་ནས་ད་ཆ་འགོ་འཛུགས་ནས་ལོ་གཉིས་ཙམ་འགྲོ་ཡི་ཡོད། ལས་རིམ་དེའི་ནང་དུ་གལ་ཆེ་བ་ཞིག་ལ་དགུན་ཚོང་རྒྱག་མཁན་ལ་བུ་ལོན་གྱི་ལམ་ནས་ལེགས་གྲུབ་ཕྱིན་ཡོད། ཡིན་ནའང་ལས་རིམ་དེ་ང་ཚོའི་ཚོད་ལྟའི་ལས་རིམ་ལྟ་བུ་ཡིན། གལ་ཆེ་བ་ནི་བཙན་བྱོལ་སྤྱི་ཚོགས་ནང་དཔལ་འབྱོར་དང་། ཞབས་ཞུ། ནོར་སྲིད་དང་འབྲེལ་བའི་འཛུགས་བསྐྲུན། དེ་ལས་ལྷག་པ་ནོར་སྲིད་ཀྱི་ཤེས་བྱ་ཞིག་དགོས་ཀྱི་འདུག
ཕྱག་རོགས་གནང་མཁན་ཨ་རི་རོགས་དངུལ་རེད། མུ་མཐུད་ནས་མ་རྩ་ཡག་པོ་ཞིག་འཛུགས་ཐུབ་ན། དངུལ་ཁང་ལྟ་བུར་མ་ཡིན་པར་མ་འོངས་པ་དངུལ་ཁང་རང་གི་སྒྲིག་འཛུགས་ཤིག་ཆགས་པ་ཡིན་ན། བཙན་བྱོལ་དང་ཕྱི་རྒྱལ་དུ་བོད་མི་ཡོད་དོ་ཅོག་ལ་ཕན་ཐོགས་ཆེན་པོ་ཞིག་བསྒྲུབ་ཐུབ་པའི་རེ་བ་ཡོད། ཅེས་གསུངས།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ནང་དཔལ་འབྱོར་དང་འབྲེལ་བའི་འཆར་གཞི་ཐོག་ལས་དོན་གལ་ཆེན་པོ་ཞིག་བསྒྲུབས་པར་སྙིང་ཐག་པ་ནས་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། འགན་འཛིན་ལྷན་ཚོགས་དང་ལས་བྱེད་རྣམ་པས་ཕྱག་ལས་གནང་སྟེ་སྤྱི་ཚོགས་ནང་གི་དཔལ་འབྱོར་གོང་འཕེལ་འགྲོ་བའི་རེ་བ་ཡོད་པ་མ་ཟད། བཀའ་ཤག་ངོས་ནས་རྒྱབ་སྐྱོར་ཆ་ཚང་ཡོད་ཅེས་ཞུ་རྒྱུ་ཡིན།
གོང་དུ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་གསུང་པ་ནང་བཞིན་རེད། ལྔ་དང་ལྔ་བཅུའི་འཆར་གཞིའི་ནང་། བཀའ་ཤག་སྐབས་ ༡༤ དང་ ༡༥ པའི་ལྟ་གྲུབ་གསུམ་སྟེ་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་རེད། རང་ཁ་རང་གསོའི་ནང་རྩ་བའི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་། གཞིས་ཆགས་སྲ་བརྟན་སོགས་ཡིན་པ་མ་ཟད། དེའི་ནང་ནས་གལ་ཆེ་ཤོས་དཔལ་འབྱོར་ཐོག་ནས་འཕྲལ་ཕུགས་འགྱང་གསུམ་ལ་རང་ཁ་རང་གསོ་ཡོང་དགོས་ཀྱི་འདུག ཅེས་ཞུ་བཞིན་ཡོད། སྐབས་གོང་མ་དང་ད་ལྟའི་བཀའ་ཤག་ནས་གྲོས་བསྡུར་རིམ་པ་བྱས་ཏེ་འཕྲལ་ཕུགས་འགྱང་གསུམ་ལ་ཕན་པའི་རིམ་པས་དངུལ་ཁང་ཞིག་བྱུང་ཐུབ་ན་ཧ་ཅང་ཡག་པོ་འདུག གང་ཡིན་ཞེ་ན། སྲིད་སྐྱོང་གིས་གཙོས་བཀའ་བློན་རྣམ་པ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སོགས་སུ་བཅར་སྐབས། ཕ་མ་ཚོས་རང་གི་བུ་ཕྲུག་ལ་སློབ་སྦྱོང་ཚད་མཐོ་བོ་གནང་འདོད་ཡོད།
འོན་ཀྱང་སློབ་ཡོན་ཧ་ཅང་ཆེན་པོ་རེད་འདུག ཁ་ཤས་ལ་སློབ་ཡོན་འབུམ་གཉིས་ནས་ལྔ་ཙམ་གྱི་བར་རེད་འདུག ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྟོང་ཕྲག་ལྔ་བཅུ། དྲུག་ཅུ། བདུན་ཅུ་དེ་དག་གཞི་རྩའི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག་ཀྱང་མ་འདང་བ་དེ་འདྲ་ཡང་ཡོང་གི་འདུག བུ་ལོན་ལེན་དུ་འགྲོ་སྐབས་ཡིག་ཆ་ཡོད་མེད་དེ་འདྲའི་དཀའ་ངལ་འཕྲད་ཀྱི་འདུག
དེ་བཞིན་ཚོང་པ་ཆེ་ཆུང་ཁག་འདྲ་མིན་སྣ་ཚོགས་ཡོད། ལམ་ཟུར་དུ་ཚོང་རིགས་གཉེར་བཞིན་པ་མང་པོ་ཞིག་གིས། ང་ཚོ་ཚོང་ལས་ཡར་རྒྱས་གཏོང་འདོད་ཡོད་ཀྱང་ང་ཚོར་སློབ་གསོ་དང་སློབ་སྦྱོང་མེད་པ། དེ་བཞིན་དཔལ་འབྱོར་མེད་སྟབས། ཡར་རྒྱས་གཏོང་ཐུབ་ཀྱི་མི་འདུག་ཅེས་བརྗོད་མཁན་ཡང་ཡོང་གི་འདུག བཙན་བྱོལ་ནང་དཔལ་འབྱོར་གྱི་རྒྱབ་རྟེན་དགུན་དུས་སུད་ཚོང་ཆགས་ཀྱི་ཡོད། ནང་མི་ ༣༥༠༠ ནས་ ༤༠༠༠ ཙམ་སུད་ཚོང་བརྒྱབ་ནས་གནས་ཀྱི་ཡོད་པར་བརྟེན་ཁོང་ཚོ་ལའང་ཕན་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་བཀའ་བསྡུར་རིམ་པ་བྱུང་བ་རེད།
ན་ནིང་ལོ་ནས་འགོ་བཙུགས་ཏེ་བོད་མི་སུད་ཚོང་བ་སྟོང་ཕྲག་གཅིག་ལ་ཧིན་སྒོར་འབུམ་རེ་གཡར་ཐུབ་ན་དགེ་མཚན་གང་ཡོད་ཅེ་ན། ད་ལྟའི་ཆར་སུད་ཚོང་རྒྱག་མཁན་ཚོ་གཞིས་ཆགས་གི་དངུལ་ཁང་ནས་བུ་ལོན་གཡར་བའི་སྐབས་སྐྱེད་ཀ་བརྒྱ་ཆ་ ༧་་༨ ནས་ ༡༤་་༡༥ བར་སྤྲོད་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་མ་ཟད། བུ་ལོན་ལེན་རྒྱུར་ཁག་པོ་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ནས་ཧིན་སྒོར་འབུམ་གཅིག་ལ་སྐྱེད་ཀ་བརྒྱ་ཆ་གསུམ་དང་དུས་ཡུན་ཟླ་བ་དྲུག་རིང་བུན་གཡར་གྱི་ལས་གཞི་ན་ནིང་ལོར་སྤེལ་བ་རེད།
ད་རེས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་ལས་གཞི་གཞན་གང་ཞིག་སྤེལ་གྱི་ཡོད། ཅེ་ན། ང་ཚོའི་རེ་བར་ཚོང་ཆུང་ཙག་རིགས་རྒྱག་མཁན་དཔེར་ན། ལམ་ཟུར་དུ་ཚོང་རྒྱག་མཁན་རྣམས་ལ་མ་རྩ་གཡར་ཏེ་ལས་གཞི་གཉིས་པ་སྤེལ་འཆར་ཡོད། ན་ནིང་ལོར་འབུམ་ཆིག་སྟོང་གི་འཆར་གཞི་རེད། ད་རེས་འབུམ་ཆིག་སྟོང་གི་འཆར་གཞི་བྱས་ཏེ་འབུམ་ཉིས་སྟོང་བུན་གཡར་གྱི་ལས་གཞི་སྤེལ་རྒྱུའི་འཆར་གཞི་ཡོད། འབུམ་ཉིས་སྟོང་ཆ་ཚང་འགྲོ་གི་ཡོད་མེད་གནས་སྟངས་མང་པོ་ཞིག་ལ་རག་ལུས་ཡོད།
ད་ལྟའི་ཆར་དཀོན་མཆོག་བརྩོན་འགྲུས་ལགས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་བྱེད་ Alok Prasad ལགས་ཀྱིས་གཙོས་མཁས་པ་ཚོས་ཞིབ་འཇུག་བྱེད་ཀྱི་ཡོད། ཞིབ་འཇུག་བྱས་ནས་ལས་གཞི་གཉིས་པ་ཚོང་ག་འདྲ་ཞིག་ལ་བུ་ལོན་གཡར་གྱི་ཡིན། ཞེས་ལས་གཞི་སྤེལ་བཞིན་ཡོད། ཞིབ་འཇུག་ཆ་ཚང་བྱས་ནས་ཚོང་རིགས་གཉེར་མཁན་དེ་དག་ལ་བུ་ལོན་གཡར་དགོས་ཀྱི་འདུག དེ་དག་ལ་བུ་ལོན་གཡར་བ་ཡིན་ན་དགེ་མཚན་ཧ་ཅང་ཆེན་པོ་འདུག ཅེས་ལས་གཞི་གཏན་འཁེལ་བ་ཡིན་ན། དེ་གཞིར་བཟུང་དངུལ་བུ་ལོན་གཡར་རྒྱུ་རེད། འཆར་གཞི་ལ་འབུམ་ ༢༠༠༠ བུ་ལོན་གཡར་རྒྱུའི་རྩིས་རྒྱག་གི་ཡོད། རྩ་བའི་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེབ་སྐྱེལ་བྱས་ཐུབ་ཡོད། དེ་རིང་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་འགན་འཛིན་ལྷན་ཚོགས་ཀྱི་སྔོན་འགྲོའི་གནད་དོན་ཁ་ཤས་ཤིག་གི་ཐོག་ཚོགས་འདུ་ཚོགས་ཀྱི་ཡོད། རྒྱ་གར་གཞུང་གི་དངུལ་ཁང་ཨ་མ་ RBI ལ་སྙན་ཞུ་ཕུལ་ཏེ་ཟླ་བ་གསུམ་བཞིའིན་ནང་གཏན་འཁེལ་བ་ཡིན་ན། བུན་གཡར་ལས་གཞི་འདི་དངུལ་ཁང་བརྒྱུད་ནས་མི་དགོས་པར་ང་ཚོས་ཐད་ཀར་གཡར་རྒྱུའི་གོམ་པ་སྤོ་བཞིན་ཡོད། འདི་ཕྱི་ལོ་ ༢༠༡༩།༢༠༢༠ ནང་དངུལ་ཁང་རང་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ལས་གཞི་འདི་དག་ཚང་མ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འདི་དག་ཚང་མ་ལྔ་དང་ལྔ་བཅུའི་འཆར་སྣང་གཞི་ལ་བཞག་པའི་ཐོག་ནས་དཔལ་འབྱོར་ཐོག་ནས་སྤྱི་ཚོགས་ནང་རང་ཁ་རང་གསོ་ཡོང་སླད་རེད།
དེའི་ཆེད་དུ་དཔལ་འབྱོར་ལས་ཁུངས་ནས་ལས་གཞི་གཞན་པ་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞིའི་ཐོག་ནས་ཚོང་པ་ཚོར་ཟབ་སྦྱོང་དང་། འཆར་གཞི་ཡོད་ན་བུ་ལོན་གཡར་རྒྱུའི་ལས་གཞི་འགྲོ་མུས་རེད། ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།
དེ་ནས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསུང་བཤད་གནང་དོན། བཀའ་ཤག་རིམ་པས་དགོངས་པ་བཞེས་ཕྱོགས་དང་། ལྷག་པར་བཀའ་ཤག་སྐབས་གོང་མ་དང་དེའི་སྐབས་ཀྱི་དགོངས་པ་བཞེས་ཕྱོགས་ནི། བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་ཡག་པོ་བཟོ་རྒྱུ་དང་། བོད་པའི་དཔལ་འབྱོར་གྱི་གནས་སྟངས་ཡག་ཏུ་ཕྱིན་པ་ཡིན་ན། གཞན་རྟེན་གྱི་བསམ་བློ་ཆུང་དུ་འགྲོ་རྒྱུ་ཡིན་པར་བརྟེན། འདས་པའི་དུས་ཡུན་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་ཉིད་དེབ་སྐྱེལ་བཟོ་ཐུབ་ཡོད།
དེ་སྔ་བོད་པའི་སྤྱི་ཚོགས་ནང་དེབ་སྐྱེལ་གྱི་ཚོགས་པ་བཙུགས་པ་དེ་དག་ཁེ་མེད་ཀྱི་ཚོགས་པ་ཤ་སྟག་རེད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཚོགས་པ་འདི་ཁེ་ཡོད་ཀྱི་ཚོགས་པ་ཞིག་རེད། དེ་རིང་ང་ཚོ་འགན་འཛིན་ལྷན་ཚོགས་སྔོན་འགྲོའི་གནད་དོན་ཁ་ཤས་ཤིག་གི་ཐོག་ཚོགས་འདུ་འཚོགས་རྒྱུ་ཡིན། དེ་ནས་གང་མགྱོགས་རྒྱ་གར་དབུས་གཞུང་དངུལ་ཁང་ལ་དངུལ་དང་འབྲེལ་བའི་བཀའ་འཁྲོལ་ཞུ་དགོས་པ་ཁག་ཞུས་ཏེ་གང་མགྱོགས་ཚོགས་པ་འདི་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་བཙུགས་ནས་དེའི་ཁེ་བཟང་གིས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་ལའང་བརྒྱ་ཆ་ཕྲན་བུ་འབུལ་ཐུབ་རྒྱུའི་ཐོག་བསམ་བློ་གཏོང་བཞིན་ཡོད། དཔེར་ན་ལྷན་ཁང་ཁག་གི་འགྲོ་སོང་དེ་ལྷན་ཁང་སོ་སོ་རང་གིས་གཏོང་གི་ཡོད་ཀྱང་གང་ལ་གང་ཙམ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་བང་མཛོད་ནས་འགྲོ་སོང་འགྲོ་བཞིན་འདུག
དཔྱ་ཁྲལ་ལག་དེབ་ལ་མཚོན་ན། རྒྱ་ཆ་ ༥།༦ མ་གཏོགས་མི་ཐོབ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཚོགས་པ་འདི་ཡག་པོ་ཆགས་པ་ཡིན་ན། མ་འོངས་པར་རོགས་ཚོགས་ཁག་ལ་རྟེན་མི་དགོས་པ་ཞིག་ཡོང་གི་རེད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཚོགས་པའི་ལས་གཞི་དང་འབྲེལ་བའི་ང་ཚོས་གཞོན་སྐྱེས་ཚོས་ཟབ་སྦྱོང་སྤྲད་དེ་ལས་བྱེད་ལྔ་བདམས་ཡོད། ང་ཚོའི་ལས་གཞི་འདི་ལ་མི་མང་གིས་མཉམ་ཞུགས་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། ན་ནིང་ང་ཚོས་སུད་ཚོང་བ་ཚོར་རོགས་སྐྱོར་གྱི་ཚུལ་དུ་ཨ་རི་རོགས་དངུལ་ནས་ཧིན་སྒོར་འབུམ་བརྒྱད་བརྒྱ་དང་དཔལ་འབྱོར་ལས་ཁུངས་ཀྱི་མ་དངུལ་ནས་ཉིས་བརྒྱ་བཅས་བསྡོམས་འབུམ་ཆིག་སྟོང་ཐམ་པ་འཆར་གཞི་བང་བསྒྲིགས་པ་རེད། མཐར་མི་ ༩༡༣ ལ་འབུམ་དགུ་བརྒྱ་བཅུ་གསུམ་གཡར་བ་རེད། དེའི་ནང་ནས་འབུམ་ ༨༠༨ ཚུར་ལོག་ཡོད། འབུམ་ ༡༠༥ མ་གཏོགས་ལྷག་མེད། འབུམ་ ༡༠༥ དེ་ཡང་གང་མགྱོགས་ཚུར་ལོག་ཐུབ་པའི་རེ་བ་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བརྒྱུད་ནས་མང་ཚོགས་ལ་ཆ་རྐྱེན་ཚང་བའི་ཐོག་བུ་ལོན་གཡར་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་།།