༢༠༡༡ ཟླ་ ༡ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ ནང་འཚེ་མེད་ཞི་བའི་ཐེབས་རྩ་ཁང་ (Foundation For Non-Violent Alternative) གིས་གོ་སྒྲིག་འོག་བོད་ཀྱི་ས་འབྲེལ་རྒྱལ་ཁབ་ཚོའི་བདེ་དོན་དང་བོད་ཀྱི་གནད་ དོན་དབར་གྱི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཉིན་གཅིག་ཚུགས་ཡོད།
སྐབས་དེར་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་ཆོས་སྐྱིད་ལགས་ཀྱིས་བོད་ཀྱི་ཁོར་ཡུག་གནས་སྟངས་དང་རྒྱ་གར་ལ་རྗེས་འབྲས་ཇི་བྱུང་སྐོར་གཏམ་བཤད་གནང་སྐབས་བོད་ནང་ད་ལྟའི་ཆར་ཁྱགས་རོམ་བཞུར་ཚད་སྔར་ལས་མགྱོགས་མྱུར་ ཆེ་བའི་གནས་སྟངས་ཆགས་པ་དེས་མཐོ་སྒང་བོད་ཀྱི་གནམ་གཤིས་ཚ་དྲོད་འཕར་བཞིན་ཡོད་ པ་དང། འདས་པའི་ལོ་ཤས་ནང་བོད་ཀྱི་མཚོ་ཆེན་བརྡོལ་ཏེ་རྒྱ་གར་ཐེ་བའི་བོད་ཀྱི་ས་འབྲེལ་ གྱི་ས་ཁུལ་ཁག་མང་པོར་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་མང་པོར་སྲོག་སྐྱོན་ཡང་བྱུང་ཡོད་སྐོར་སོགས་ཀྱི་གཏམ་བཤད་གནང་ཡོད།
དེ་བཞིན་ཚོགས་འདུ་དེའི་སྐབས་རྒྱ་གར་གྱི་དམག་དཔོན་ཟུར་པ་དང་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ། གཞུང་ཞབས་ཟུར་པ། དེ་བཞིན་གསར་འགོད་པ་ཆེ་གྲས་ཁག་གཅིག་བཅས་ཁྱོན་མི་སྣ་ ༣༠ བརྒལ་བ་ལྷན་འཛོམས་ཐོག་རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བ་གཏོང་དགོས་པ་མ་ཟད། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ཁས་ལེན་བྱས་པའི་དེ་སྔའི་ནོར་འཁྲུལ་ཅན་གྱི་ སྲིད་བྱུས་དེར་ཡོ་སྲང་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེ་བཏོན་ཡོད་པ་མ་ཟད། རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་རྩོད་རྙོག་མང་དག་ཅིག་ཡོད་པའི་ཁྲོད་བོད་ཀྱི་གནད་ དོན་སེལ་རྒྱུ་དེ་ནི་གནད་དོན་གལ་ཆེན་ཞིག་ཡིན་པའི་འགྲེལ་བརྗོད་ཀྱང་གནང་ཡོད་པ་མ་ཟད། རྒྱ་གར་གཞུང་ངོས་ནས་བཙན་བྱོལ་བོད་གཞུང་ངོས་འཛིན་དགོས་པའི་དགོངས་ཚུལ་ཡང་བཏོན་ཡོད། དེ་བཞིན་རྒྱ་གར་གཞུང་ངོས་ནས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་དགོས་པའི་བསམ་ཚུལ་ཡང་བཏོན་འདུག
ཕྱོགས་མཚུངས་སྐབས་དེར་བོད་རིག་པའི་མཁས་དབང་སྐུ་ཞབས་ཁ་ལའོ་ཌེ་ཨར་པི་ (Claude Arpi) ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་ཆེན་ཐོག་ཆུ་རགས་རྒྱག་ རྒྱུར་དངངས་འཚབ་བྱེད་བཞིན་ཡོད་སྐོར་གྱི་གསུང་བཤད་གནང་ཡོད།
ཚོགས་འདུ་དེ་བཞིན་ཚོགས་དུས་གསུམ་དུ་ཆ་བགོས་ཀྱིས་ཚོགས་ཐེངས་དང་པོར། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ནང་བོད་ཀྱི་གནས་བབ་ཅེས། ༡༽འདས་པའི་གནས་སྟངས་ལ་བསྐྱར་ཞིབ་དང། ༢༽ད་ལྟ་བོད་ནང་འཛུགས་སྐྲུན་ཡར་རྒྱས་དང་དེས་འབྱུང་འགྱུར་རྒྱ་གར་ལ་ཕན་གནོད་ ཇི་བྱུང་ཞེས་པའི་བརྗོད་གཞིའི་ཐོག་ཡིན་འདུག སྐབས་དེར་སྐུ་ཞབས་བི་ཇེ་ཤང་ཀར་ (Lt. Gen. Vinay Shankar) ལགས་ཀྱི་ཚོགས་འདུའི་གཙོ་སྐྱོང་གནང་ཡོད། ཚོགས་དུས་གཉིས་པའི་སྐབས་ལྷོ་ཨེ་ཤི་ཡའི་ནང་རྒྱ་ནག་གི་གནས་བབ་དང། ལྷག་པར་ཉེ་ལམ་རྒྱ་ནག་གི་སྲིད་བློན་རྒྱ་གར་དང་པ་ཀི་སི་ཐན་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་དེར་བསྐྱར་ཞིབ་ཅེས་པ་དེ་ཡིན་པ་དང། ཚོགས་དུས་མཐའ་མའི་སྐབས་བོད་ཀྱི་ས་འབྲེལ་ཡུལ་ལུང་གི་བརྟན་ལྷིང་ཐོག་བོད་ཀྱི་གལ་གནད་ཅེས་པ་དེ་ཡིན་འདུག