༢༠༡༨ ཟླ་ ༡ ཚེས་ ༧ རེས་གཟའ་ཉི་མ།
༄༅། །འགི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་འགན་འཛིན་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་ Nitish Kumar མཆོག་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བའི་དབུས་མཇལ་འཕྲད་མཛད་པ་མ་ཟད། དབུ་ཁྲིད་རྣམ་གཉིས་ཀྱིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་ཨིན་སྒྱུར་ཞུས་པ་པོད་ཕྲེང་དང་པོ་དབུ་འབྱེད་མཛད།
སྔ་དྲོ་ཆུ་ཚོད་ ༩ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་སྐྱེད་དང་བཟླས་ལུང་སོགས་ཆོས་འབྲེལ་ཁག་གཅིག་བསྟུན་ཆུ་ཚོད་ ༡༡ ཙམ་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གསུང་རར་༸གོང་ས་མཆོག་དང་མཇལ་འཕྲད་མཛད་པ་དང་སྦྲགས་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་འདུག
དེ་ཡང་ཐོག་མར་༸སྐུའི་གསུང་སྒྱུར་དགེ་བཤེས་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་དཔེ་དེབ་ངོ་སྤྲོད་ཞུ་དོན།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག གཞན་ཡང་འདིར་ཕེབས་པའི་སེར་སྐྱ་ཕོ་མོ་ལྷན་རྒྱས་ལ།
ད་རིང་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ནས་གནས་མཆོག་རྡོ་རྗེ་གདན་དུ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་ཕྲེང་ཨིན་སྒྱུར་དབུ་འབྱེད་གནང་བའི་སྐབས་འདིར། གུས་པར་པོད་ཕྲེང་གལ་ཆེ་འདིའི་ངོ་སྤྲོད་ཚིག་ཁ་ཤས་ཤིག་ཞུ་རྒྱུའི་གོ་སྐབས་ཐོབ་པ་ནི་སྐལ་བ་ཤིན་ཏུ་བཟང་པོར་ངོས་འཛིན་ཞུ་གི་ཡོད།
པོད་ཕྲེང་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ཀྱི་དགོངས་བཞེད་དང་བཀའ་སློབ་ལམ་སྟོན་འོག མཁས་པ་དགེ་བཤེས་ཁག་གཅིག་གིས་ལོ་མང་པོར་ངལ་བ་བསྟེན་ཏེ་ཆེད་དུ་བསྒྲིགས་པ་ཞིག་ཆགས་ཡོད། ཀུན་བཏུས་ཀྱི་པོད་ཕྲེང་འདི་ལ་གླེགས་བམ་བཞི་ཡོད་ཅིང་། ཚན་རིག་གི་སྐོར་ལ་ཕྱི་གཟུགས་ཅན་གྱི་སྐོར་དང་། ནང་སེམས་ཀྱི་རྣམ་གཞག་གི་སྐོར་བཅས་སོ་སོར་པོད་རེ་བྱས་ནས་པོད་གཉིས་དང་། དེ་ནས་ལྟ་གྲུབ་རིག་པའི་སྐོར་ལ་པོད་གཉིས་བཅས་ཡོད། ད་རིང་སྐབས་སུ་བབས་པ་ནི། ཚན་རིག་ཀུན་བཏུས་ཀྱི་པོད་དང་པོའི་་ཨིན་སྒྱུར་དབུ་འབྱེད་གནང་རྒྱུ་དེ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱི་དགོངས་བཞེད་བླ་ན་མེད་པར། འཕགས་ཡུལ་གྱི་ནང་པའི་གཞུང་རྣམས་ཀྱི་བརྗོད་བྱ་ལ། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་དང་། ལྟ་གྲུབ། ཆོས་ཀྱི་ལག་ལེན་བཅས་གསུམ་དུ་དབྱེར་རུང་བ་དང་། དེའི་ཐོག་ནས་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་གཉིས་ཟུར་དུ་ཁོལ་བཏོན་བྱས་ཏེ། གླེགས་བམ་ལོགས་སུ་བསྒྲིགས་ཐུབ་པ་བྱུང་བ་དེ་ནི། ནང་པ་སངས་རྒྱས་པའི་བསྟན་པ་འཇིག་རྟེན་འདིར་དར་ནས་མི་ལོ་ཉི་སྟོང་ལྔ་བརྒྱ་ལྷག་སོང་བའི་ལོ་རྒྱུས་རིང་པོ་དེའི་ནང་གསར་གཏོད་ཀྱི་མཛད་རྗེས་ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར་ཡོད། དེའི་རྐྱེན་གྱིས།
གཅིག་ནས་དེང་འཛམ་གླིང་ས་གནས་མང་པོར། རང་ཉིད་ནང་པ་ཡིན་མིན་དང་། ནང་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར། ཤེས་བྱའི་འདུ་ཤེས་ཀྱི་སྟེང་ནས་སྔོན་གྱི་ནང་པའི་སློབ་དཔོན་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཡབ་སྲས་ལྟ་བུའི་བཞེད་པ་རྣམས། དེང་རབས་ཀྱི་ཚན་རིག་དང་ལྟ་གྲུབ་རིག་པའི་ལམ་ནས་རྟོག་ཞིབ་བྱ་རྒྱུ་ཡོད་པ་དང་། དེ་དག་གི་གཞུང་གི་ཆ་ཤས་ཁག་ཅིག་དངོས་སུ་ཀློག་ཐུབ་པ། དེ་བཞིན་དུ་མཁས་པ་དེ་རྣམས་ཀྱིས་བཀོད་པའི་རིགས་པ་ཕྲ་མོའི་གནད་རྣམས་ཀྱི་རོ་བཅུད་སོ་སོས་མྱོང་རྒྱུ་ཡོད་པ་བཅས་ཀྱི་གོ་སྐབས་ཕུལ་ཐུབ་པ་བྱུང་ཡོད།
གཉིས་ནས། འཕགས་ཡུལ་གྱི་སློབ་དཔོན་མཁས་པའི་དབང་པོ་དེ་རྣམས་ཀྱིས། ཚན་རིག་གི་གནད་དཔེར་ན། ཆེ་ས་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་ནས་ཆུང་བ་གཟུགས་ཅན་གྱི་ཆོས་ཀྱི་རྩོམ་གཞིའི་རྡུལ་ཕྲན་གྱི་བར་དང་།
དེ་བཞིན་དུ་ཐོག་མར་མངལ་དུ་ཉིང་མཚམས་སྦྱོར་ཚུལ་ནས་མཐར་འཆི་བའི་རིམ་པའི་སྐབས་ཀྱི་རྣམ་ཤེས་དང་རླུང་ཕྲ་རགས་ཐིམ་ཚུལ་གྱི་བར་དང་། གཞན་ཡང་དུས་ཀྱི་ངོ་བོ་དང་། དུས་ཀྱི་ཐུང་མཐའ། འཇལ་བྱེད་ཚད་ཀྱི་རྣམ་གཞག ཁྱད་པར་དུ་ནང་སེམས་ཁམས་རིག་པའི་སྐོར་ལ་བློ་ཡུལ་ལ་འཇུག་ཚུལ་དང་། ཆགས་སྡང་སོགས་མྱོང་ཚོར་གྱི་ངོ་བོ་དང་བྱེད་ལས། དེ་དག་ལ་བཏང་འཛིན་བྱ་ཚུལ་སོགས་ལ། ནང་པའི་གཞུང་དུ་བཤད་པ་གཏིང་ཟབ་ཅིང་ཤིན་ཏུ་ཞིབ་ཚགས་པོ་ཡོད་པ་རྣམས། ཀུན་བཏུས་ཀྱི་པོད་ཕྲེང་འདིའི་བརྒྱུད་ནས་རྒྱལ་སྤྱིའི་མཁས་པ་སྤྱི་དང་ལྷག་པར་ཚན་རིག་པ་རྣམས་ལས་བློ་སྐྱེས་ལེན་པའི་ཡིག་མཛོད་ཤིན་ཏུ་གལ་ཆེན་ཞིག་བསྐྲུན་ ཐུབ་པ་བྱུང་ཡོད།
གསུམ་ནས། ཀུན་བཏུས་ཀྱི་པོད་ཕྲེང་འདིའི་ནང་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་སྐོར་ལ་ཕྱོགས་བསྒྲིགས་ཞུས་པ་མཐའ་དག རང་རེའི་བཀའ་བསྟན་སྤྱི་དང་ལྷག་པར་བསྟན་འགྱུར་ནས་བཏུས་པ་འབའ་ཞིག་ཡིན་པར་ བརྟེན། ཀུན་བཏུས་ཀྱི་པོད་ཕྲེང་བསྒྲིགས་པ་དེས་རང་ཅག་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གཉིས་ཀྱི་ཐོག་ནས་རྒྱ་གར་དང་འཛམ་གླིང་ཡོངས་ལ་སྐྱེས་བཟང་པོ་ཞིག་ཕུལ་ཐུབ་པ་བྱུང་ཡོད་པའང་ངོས་འཛིན་ཞུ་གི་ཡོད།
ད་རིང་འདིར་གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་དང་པོའི་ཨིན་འགྱུར་དབུ་འབྱེད་མཛད་པའི་སྐབས་འདིར། བི་ཧར་མངའ་སྡེའི་བློན་ཆེན་མཆོག་ཆེད་བཅར་གནང་བ་དེར། མཚོན་དོན་ཆེན་པོ་ཞིག་ཡོད་པ་མཐོང་གི་འདུག
དེ་ནི་ལོ་རྒྱུས་ཀྱི་ཐོག་ནས་བླ་སློབ་ཏུ་གྱུར་པའི་རྒྱ་གར་དང་བོད་གཉིས་ཟུང་འབྲེལ་གྱི་ཐོག་ནས། ཐུན་མོང་བའི་གཅེས་ནོར་དུ་གྱུར་པའི་འཕགས་ཡུལ་གྱི་ནང་པའི་རིག་པའི་གཞུང་ལུགས་རྣམས། རྒྱལ་སྤྱིའི་ལྡིང་ཆའི་སྟེང་གསལ་སྟོན་མཛད་དེ། འཛམ་གླིང་སྤྱིའི་ཤེས་བྱའི་མཛོད་དེ་ཕྱུག་ཏུ་གཏོང་བ་ཞིག་མཐོང་གི་འདུག པོད་ཕྲེང་འདི་སྐད་ཡིག་གཞན་དུ་བསྒྱུར་བ་ལ་ཆ་བཞག་ན།
པོད་དང་པོ་གཉིས་ཀྱི་རྒྱ་སྐད་ཐོན་ཟིན་ལ། ཧིན་དི་ལོ་འདིའི་ནང་ཐོན་རྒྱུ་དང་། དེ་བཞིན་དུ་འཛམ་གླིང་གི་སྐད་ཡིག་ཆེ་ཁག་གཞན་གྱི་ནང་དུའང་བསྒྱུར་བཞིན་པས། པོད་ཕྲེང་འདི་འཛམ་གླིང་ནང་ཁྱབ་སྤེལ་ཤིན་ཏུ་ཆེན་པོ་ཞིག་འོང་བ་ཞུ་མི་དགོས།
གུས་པ་རང་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སློབ་མའི་གྲལ་མཐར་གཏོགས་པ་ཞིག་ཡིན་པའི་ཆ་ནས། ད་ལམ་ཀུན་བཏུས་ཀྱི་པོད་ཕྲེང་འདི་ཕྱོགས་སྒྲིགས་དང་ཨིན་འགྱུར་གཉིས་ཀའི་ཐོག་ཞབས་ཞུའི་གོ་སྐབས་ཐོབ་པ་དེ་ནི། སོ་སོའི་མི་ཚེའི་ནང་གི་བསོད་ནམས་གསོག་པའི་གཞི་ཆེ་ཤོས་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད།
མཐའ་དོན། ཀུན་བཏུས་པོད་ཕྲེང་འདིའི་ཕྱོགས་སྒྲིགས་ཀྱི་ལས་དོན་ཐོག་ལོ་མང་རིང་འབད་བརྩོན་ཆེན་པོ་མཛད་པའི་བླ་མ་དགེ་བཤེས་རྣམས་རེ་རེ་མཚན་འདོན་ཞུ་ན། རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་གྲ་མཁན་པོ་སེར་བྱེས་ཁྲོམ་ཐོག་རིན་པོ་ཆེ། རྩོམ་སྒྲིག་འགན་འཛིན་ཚོགས་མི། སེར་སྨད་དགེ་བཤེས་ཡང་སྟེང་རིན་པོ་ཆེ་དང་། འབྲས་བློ་གླིང་དགེ་བཤེས་ཐུབ་བསྟན་དཔལ་བཟང་དང་། རྣམ་གྲ་དགེ་སློང་ཐུབ་བསྟན་ཡར་འཕེལ། རྩོམ་སྒྲིག་པ་དངོས། དགའ་ཤར་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་དང་། འབྲས་བློ་གླིང་དགེ་བཤེས་ངག་དབང་སངས་རྒྱས། དགའ་བྱང་དགེ་བཤེས་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་དང་། འབྲས་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག་བཅས་ཡིན།
གུས་ནས་ཚང་མའི་ཚབ་ཞུས་ཏེ། ལས་དོན་འདིའི་ཐོག་ནས་བསོད་ནམས་ཅི་བསགས་པ་རྣམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་ཏུ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་གྲུབ་པའི་ཆེད་དང་། གཞན་དོན་དང་རྫོགས་བྱང་དུ་སྔོ་ཆོག་པ་ཞུ།
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ།།
རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་བ་དང་།
དེ་རྗེས་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་གྲྭ་མཁན་པོ་སེར་བྱེས་ཁྲོམ་ཐོག་རིན་པོ་ཆེ། རྩོམ་སྒྲིག་འགན་འཛིན་ཚོགས་མི། སེར་སྨད་དགེ་བཤེས་ཡང་སྟེང་རིན་པོ་ཆེ། རྩོམ་སྒྲིག་པ་དངོས། དགའ་ཤར་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་ལགས་དང་། འབྲས་བློ་གླིང་དགེ་བཤེས་ངག་དབང་སངས་རྒྱས་ལགས། དགའ་བྱང་དགེ་བཤེས་དཔྱི་ས་དྲུང་ཆེན་སྤྲུལ་སྐུ། འབྲས་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག་ལགས། རྒྱ་ཡིག་ཏུ་བསྒྱུར་མཁན་གསུང་བསྒྱུར་འཇམ་དབྱངས་རིན་ཆེན་ལགས་བཅས་ལ་མཇལ་ཁ་སྩལ།།