༢༠༡༡ ཟླ་ ༡ ཚེས་ ༢༥་རེས་གཟའ་མིག་དམར།
༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་ (HUMAN RIGHTS WATCH) གིས་ཕྱི་ལོ་ ༢༠༡༠ ལོ་འཁོར་སྙན་ཐོ་བཏོན་པའི་ནང་སྤྱིར་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ ༩༠ ཙམ་གྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་འདྲ་ཡོད་མེད་སྐོར་ཁ་གསལ་བཀོད་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་དང་རང་སྐྱོང་ལྗོངས་ཀྱི་ཕྱི་ལ་ཡོད་པའི་བོད་མི་གནས་ཡུལ་གྱི་ཞིང་ཆེན་མཚོ་སྔོན་དང་ཀན་སུ། སི་ཁྲོན། ཡུན་ནན་བཅས་ཀྱི་གནས་སྟངས་ཛ་དྲག་པོ་ཡོད་པ་དང། རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་གྲངས་ཉུང་མི་རིགས་གཞན་ལ་ཡོད་པའི་རང་སྐྱོང་གི་ཐོབ་ཐང་བོད་མི་ཚོར་སྤྲོད་རྒྱུའི་རྟགས་མཚན་གང་ཡང་མེད་ཚུལ་དང། ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་བོད་མི་མང་པོ་འཛིན་བཟུང་བྱས་པ་ལྟར་ཕྱི་ལོ་ ༢༠༡༠ ལོར་དེ་ལྟར་བྱས་མེད་ཀྱང་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ལ་དམ་བསྒྲགས་ཧ་ཅང་ཆེན་པོའི་འོག་རྒྱ་མིའི་སྐོར་སྲུང་ཉེན་རྟོག་པ་ཧ་ཅང་མང་པོ་བཞག་སྟེ་བོད་ཀྱི་ས་ཁུལ་ཕལ་ཆེ་བའི་ནང་ཕྱི་རྒྱལ་ཡུལ་མི་འགྲོ་བསྐྱོད་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆབ་སྲིད་དང་ཆོས་དད། ལེགས་བྱང་། དཔལ་འབྱོར་བཅས་ཀྱི་སྲིད་བྱུས་འཛིན་པ་དེར་སྐྱོན་བརྗོད་བྱེད་མཁན་གྱི་བོད་མི་དོགས་གཞི་ཅན་རྣམས་མུ་མཐུད་ཁྲིམས་ཆད་གཏོང་བཞིན་ཡོད་སྐོར་སྙན་ཐོ་དེའི་ནང་འཁོད་ཡོད་པ་མ་ཟད། སྔ་ལོ་ཕྱི་ཟླ་ ༦ ནང་ཀརྨ་བསམ་གྲུབ་རྒྱ་ནག་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཏེ་ལོ་ ༡༥ ཁྲིམས་ཆད་བཏང་ཡོད་སྐོར་སོགས་དང།
ལྷག་པར་བལ་ཡུལ་དུ་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བོད་ནས་བྲོས་བྱོལ་དུ་འབྱོར་བའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་བལ་པོའི་སྲིད་གཞུང་གིས་སུན་གཙེར་བཟོས་པ་དང་འཛིན་ཟུང་བཀག་ཉར་བྱས་ཏེ་མཐར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་ཚུལ། དེ་བཞིན་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༠ ནང་བལ་ཡུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་བཀའ་སྤྱིའི་སྔོན་འགྲོའི་འོས་ཤོག་གི་འོས་སྒམ་བལ་པོའི་སྲིད་གཞུང་གིས་བཙན་འཕྲོག་བྱས་ཏེ་བལ་པོའི་ནང་སྲིད་བློན་ཆེན་གྱིས་བོད་མི་སྐྱབས་བཅོལ་བས་བལ་ཡུལ་ནང་འོས་ཤོག་འཕེན་རྒྱུ་དེ་བལ་པོའི་ཕྱི་འབྲེལ་གྱི་ཆབ་སྲིད་དང་འགལ་ཚུལ་གསུངས་པའི་གནད་དོན་སོགས་བཀོད་འདུག དེ་དང་ཆབས་ཅིག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུ་ཌན། འབར་མ། རྒྱ་ནག བྱང་ཀོ་རི་ཡ། ཨི་རཱན་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྟངས་འཛིན་ཤུགས་ཆེན་པོ་བྱས་མ་ཐུབ་པ་དེར་སྙན་ཐོ་དེའི་ནང་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་པ་བཅས།།
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གིས་ལོ་འཁོར་སྙན་ཐོ་བཏོན་པ།
གསར་གནས།
འབྲེལ་གནས།