༢༠༡༨ ཟླ་ ༡ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་ད་བར་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟེན་འཕེལ་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག སི་ཀིམ་མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་བྷི་པི་སིངྒ་མཆོག ཁྲ་འགུ་རིན་པོ་ཆེ་མཆོག་དང་། འབྲེལ་ཡོད་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་ལས་ཟུར། གཞན་ཡང་གློ་བུར་དུ་ལྷགས་པའི་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ཚང་འཛོམས་ཐོག་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།
སྐབས་དེར་ཐོག་མར་གཙུག་ལག་སློབ་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་༸གོང་ས་མཆོག་གིས་གཙུག་ལག་སློབ་ཁང་གི་དཔེ་སྐྲུན་ཚན་པས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་གཅིག་ཞལ་ཕྱེ་མཛད་བསྟུན་སློབ་ཟུར་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས།
ཕྱོགས་མཚུངས་བཀའ་བློན་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ་མ་ཟད། གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་ཁག་གཅིག་ལའང་ཆེ་བསྟོད་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།
དེ་ནས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དེ་རྗེས་སི་ཀིམ་མངའ་སྡེའི་སྲིད་སྐྱོང་ཟུར་པ་བྷི་པི་སིངྒ་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། འདིར་ང་ཚོས་བོད་ཀྱི་མཐོ་སློབ་ཟེར་བཞིན་ཡོད། དེར་བརྟེན་ངོས་ཀྱི་ཨིན་སྐད་ཆག་པོ་འདི་རྒྱག་མི་དགོས་པར་དབུས་སྐད་གཙང་མ་ཞིག་རྒྱག་རྒྱུ་ཡིན། སྔོན་ལ་རིམ་པ་དང་པོ་འདིར་སློབ་གཉེར་ཁང་འདི་འདྲ་ཞིག་བཙུགས་ནས་གྲུབ་འབྲས་འདི་ཙམ་ཞིག་ཐོན་ཡོད། ཉིན་གཅིག་དང་ལོ་གཅིག་ནང་བསྒྲུབ་ཐུབ་རྒྱུ་མ་རེད། ལོ་མང་པོའི་རིང་ལ་འབད་བརྩོན་བྱས་ནས་དེ་ཁོངས་ནས་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་ཟིན་ཡོད། དེར་བརྟེན་མི་རབས་ནས་མི་རབས་འབད་བརྩོན་སྙིང་སྟོབས་སྐྱེས་པའི་འབྲས་བུ་རེད། དེ་འདྲ་ཡིན་སྟབས་འདས་པོ་ཚོའང་དྲན་གསོ་བྱ་དགོས་པ་རེད། ད་ལྟ་ཡོད་པ་ཚོས་ཀྱང་ཧུར་ཐག་འབད་ཐག་གནང་བཞིན་ཡོད། ཐུགས་རྗེ་ཆེ་ཟེར་གྱི་ཡིན།
དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ རེད། སྤྱིར་སྟངས་ང་ཚོས་ལོ་བརྩི་བཞིན་པ་དེར་བཏགས་དོན་བཙལ་ན་རྙེད་རྒྱུ་གང་ཡང་མེད། འོན་ཀྱང་འཇིག་རྟེན་གྲགས་པའི་སྒོ་ནས་ཞག་དང་ཟླ་བ། ལོ་ཞེས་ཤོད་བཞིན་ཡོད། དེར་བརྟེན་འཇིག་རྟེན་གྲགས་པའི་སྒོ་ནས་དེ་རིང་ལོ་གསར་པ་རེད། དུས་ཚོད་ནི་རྟག་ཏུ་འགྱུར་བཞིན་ཡོད། དེ་དང་ཆབས་ཅིག་དངོས་ཡོད་གནས་སྟངས་ཡང་འགྱུར་བཞིན་ཡོད། ལོ་གསར་པ་འགོ་འཛུགས་བཞིན་ཡོད། ང་ཚོས་ལོ་འདིའི་ནང་གནས་ཚུལ་གསར་པ་གང་འདྲ་ཞིག་ཡོང་བཞིན་འདུག དེ་དང་བསྟུན་ནས་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གཉིས་ནས་ང་ཚོ་ནི་མི་རེད། བྱ་རི་དྭགས་དུད་འགྲོའི་རིགས་ལ་དུས་ཚོད་འགྱུར་བ་གཏོང་རྒྱུའི་ནུས་པ་གང་ཡང་མེད། ང་ཚོ་མིར་དུས་ཚོད་དང་བསྟུན་ནས་བསམ་བློ་བཏང་སྟེ་ཐབས་ཤེས་འདི་འདྲ་ཞིག་བྱས་ན་གྲུབ་འབྲས་འདི་འདྲ་ཞིག་ཡོང་སྲིད་པ་རེད་བསམས་པ་དེ་ང་ཚོ་མིས་བྱེད་ཐུབ་རྒྱུ་རེད།
དེར་བརྟེན་ལོ་གསར་པ་འདིའི་ནང་ད་ཆ་ང་ཚོར་བྱ་རྒྱུ་གང་འདུག འཆར་ཅན་ལྟ་བུ་བྱས་ནས་ཆུ་ཚོད་བསྐོར་བ་བརྒྱབ་པ་ལྟར་མིན་པར་བསམ་བློ་གསར་པ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། གལ་ཆེ་ཤོས་དེ་ང་ཚོས་ཀླད་པ་དཀྲུག་རྒྱུ་རེད། ཀླད་པ་འཐོམ་ནས་མ་བསྡད་པར་འཆར་ཅན་ལྟ་བུ་མིན་པར་ཀླད་པ་དཀྲུག་དགོས། ཀླད་པ་དཀྲུག་པར་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་གཅིག་གི་གནས་ཚུལ་ཁོ་ན་མིན་པར་ཕྱོགས་མང་པོར་བསམ་བློ་བཏང་བ་ཡིན་ན་ང་ཚོའི་ཀླད་པར་དམིགས་བསལ་གྱི་ནུས་པ་ཞིག་ཡོད།
ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོགས་པའི་ཐོག་ནས་ཕན་པའི་ངོ་བོར་འགྲོ་རྒྱུ་དེ་ཀླད་པ་གཅིག་པུས་བྱ་ཐབས་མེད། ལྷག་བསམ་དགོས། རྣམ་དཔྱོད་ཀྱི་ཤེས་རབ་དང་ལྷག་བསམ་གཉིས་ཟུང་དུ་འབྲེལ་ནས་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་ཁ་སང་འཛམ་གླིང་སྒང་གི་རྙོག་གྲ་ལུང་པ་གང་ཡོད་པ་དེ་དག་མིའི་རྣམ་དཔྱོད་ཀྱི་ཐོག་ནས་ཕལ་ཆེར་ཡོང་བཞིན་ཡོད། ལྷག་བསམ་བཟང་པོས་མ་འདང་བར་རྣམ་དཔྱོད་གཅིག་པུས་ཐོག་ནས་འགྲོ་སྐབས་འཕྲལ་སེལ་མིག་རྒྱང་ཐུང་ཐུང་གི་བསམ་བློ་བཏང་ནས་འགྲོ་སྐབས་རྙོག་གྲ་མང་པོ་ཞིག་ཡོང་བཞིན་ཡོད། དེར་བརྟེན་རྣམ་དཔྱོད་ཀྱི་ཤེས་རབ་དང་གཞན་ཕན་གྱི་ལྷག་བསམ་གཉིས་ཟུང་དུ་འབྲེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱི་ལུས་པོ་འདིར་ཡོད་ཀྱང་བསམ་བློ་རྡོ་རྗེ་གདན་དུ་འགྲོ་བཞིན་ཡོད། ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་ཀྱིས་སྒྲུང་ཞིག་བཤད་འདོད་བྱུང་། ཕྱི་ལོ་ ༡༩༥༦ ལོར་ལྷ་སར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་སྐབས་དེར་སྐུ་ཚབ་ཚོགས་པ་ཞིག་འབྱོར་བ་རེད། ཁོང་ཚོའི་གྲས་འགའ་ཤས་འོག་གི་གྲོང་གསེབ་ཁག་གཅིག་ལ་འཚམས་གཟིགས་སུ་ཕྱིན་པ་རེད།
ཁོང་ཚོ་འབྱོར་སྐབས་གྲོང་གསེབ་པ་ཚོས་དགའ་བསུའི་ཐལ་མོ་བརྡབ་དགོས་སྟབས་གྲོང་གསེབ་པ་ཚོས་ད་ལོ་ཁྲལ་གསར་པ་ཞིག་འདུག ལག་པ་བརྡབ་རྒྱུའི་ཁྲལ་ཞིག་འདུག་ཅེས་ལབ་པ་རེད། དེར་བརྟེན་དེ་རིང་ཁྱེད་རང་ཚོས་ཀྱང་ཁྲལ་གསར་པ་དེ་ཧུར་ཐག་བྱས་ནས་བསྒྲུབས་པ་རེད། ནམ་རྒྱུན་བོད་མིའི་གཤིས་ཀར་ཟློག་པ་བརྒྱབ་ཟེར་སྐབས་སྡུག་པ་རེད། ཕྱིར་ཟློག་པ་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག ཟེར་བཞིན་ཡོད།
ཕྱི་ལོ་ ༡༩༤༧ གཡས་གཡོན་ལ་བོད་ནང་འཇར་མན་ཚོགས་པ་ཞིག་འབྱོར་བ་རེད། སྐབས་དེར་ལྷ་ས་བ་མང་པོ་ཞིག་གིས་ལྟས་ངན་མཐོང་བྱུང་། ཞེས་ཟློག་པ་བརྒྱབ་པ་རེད། ལྷ་ས་བས་སྡུག་པར་བརྩིས་ནས་ཟློག་པ་བརྒྱབ་ཡོད། འོན་ཀྱང་འཇར་མན་ཚོས་དགའ་བསུ་ཞུ་བཞིན་འདུག་བསམས་པ་རེད། ཅེས་སླར་ཡང་ཞལ་ཤོབ་མཛད་སྐབས་ཚོགས་ཁང་ཡོངས་རྫོགས་དགོད་སྒྲས་གང་།
མུ་མཐུད་བཀའ་སློབ་སྩལ་དོན། ངོས་རང་ཡང་ཉི་མ་དང་ཟླ་བ་ལོ་བྱས་ནས་འགྲོ་དགོས། ཁྱེད་རང་ཚོས་ཀྱང་ཉི་མ་དང་བདུན་ཕྲག ཟླ་བ་ལོ་བྱས་ནས་འགྲོ་དགོས། ཕྱི་ལོ་ ༢༠༡༩ སླེབ་སྐབས་ཕྱི་ལོ་ ༢༠༡༨ ལོ་དེ་ངས་དོན་དང་ལྡན་པ་ཞིག་བྱས་འདུག་བསམས་པ་བྱུང་ན་སྐྱིད་པོ་ཡོད། དེ་མིན་ལོ་དེ་འཕྲོ་བརླག་ཕྱིན་སོང་བསམས་པ་དང་། སྡུག་ས་ནས་བཤད་ན་ལོ་དེར་རྙོག་གྲ་ཁོ་ན་བཟོས་ནས་ཕྱིན་པ་ཡིན་ན་ཧ་ཅང་ཐབས་སྐྱོ་པོ་རེད།
དེར་བརྟེན་ང་ཚོས་ལོ་གསར་པ་འདིར་དངོས་གནས་དོན་དང་ལྡན་པ་ཞིག་བྱ་རྒྱུ་ཡིན་བསམས་ནས་ལོ་རྗེས་མ་སླེབ་སྐབས་བློ་བདེ་པོ་བྱ་རྒྱུ་ཞིག ངས་འདས་པའི་ལོ་དེ་དོན་དང་ལྡན་པའི་མི་ཚེ་བསྐྱལ་བ་ཡིན་བསམས་པ་ཞིག་བྱུང་ན་ཡག་པོ་ཡོད། ཅེས་བཀའ་སློབ་སྩལ།།