༢༠༡༧ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་གསར་པ་འཆར་ལ་ཉེ་བའི་སྐབས་འདིར་རྒྱ་གར་འཕགས་ཡུལ་གནས་མཆོག་ཝཱ་ར་ཎ་སི་དྲང་སོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་རྟེན་གཞི་བྱས་པའི་ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་འདི་ཉིད་ཐོག་མར་གསར་འཛུགས་མཛད་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་ལ་ཉེ་བཞིན་ཡོད།
དེ་ཡང་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཐོག་མར་ཕྱི་ལོ་ ༡༩༦༨ ཕྱི་ཟླ་ ༡ ཚེས་ ༡ ཉིན་གསར་འཛུགས་མཛད་ནས་འཆར་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་མི་ལོ་ཧྲིལ་པོ་ ༥༠ འཁོར་རྒྱུ་ཡིན་སྟབས་དེ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དུས་དྲན་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
མཛད་སྒོའི་ཐོག་མཐོ་སློབ་ཀྱི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་གཙོས་དགེ་ལས་སློབ་ཕྲུག་དང་། དེ་བཞིན་སློབ་ཟུར་མི་གྲངས་ ༡༥༠ ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་མགྲོན་འབོད་ཞུས་འདུག
དེ་ཡང་རིང་སྟེ་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་མཐོ་སློབ་ཀྱི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་རིགས་དྲུང་ཨར་ཀེ་ཨུ་པདྱཱ་ R.K Upadhyay ལགས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
ཕྱི་ནང་གསར་འགོད་པ་ ༢༠ ཙམ་ལ་ལྔ་བཅུའི་དུས་དྲན་སྐབས་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གནད་དོན་ཐོག་རིགས་བདག་མཆོག་ནས་ངོ་སྤྲོད་གནང་དོན།
གཙུག་ལག་སློབ་གཉེར་ཁང་འདི་ཉིད་བཙུགས་ནས་ད་བར་མི་ལོ་ ༥༠ འཁོར་ལ་ཉེ་བཞིན་ཡོད་སྟབས་བྷ་ན་ར་སི་གྲོང་ཁྱེར་གྱི་མི་མང་རྣམས་ལ་སྐལ་བཟང་གི་གོ་སྐབས་ཤིག་ཆགས་ཡོད། ཡོངས་གྲགས་གྲོང་ཁྱེར་འདི་རྒྱ་གར་གྱི་གྲོང་ཁྱེར་རྙིང་ཤོས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད་པ་ནི། ལོ་ངོ་ ༢༥༠༠ གོང་སྟོན་པ་བཅོམ་ལྡན་འདས་བྱོན་པའི་སྐབས་སུའང་གྲོང་ཁྱེར་འདི་ཆགས་ནས་དུས་ཡུན་ཧ་ཅང་ཡུན་རིང་པོ་སོང་ཟིན་པ་ཞིག་རེད། གྲོང་ཁྱེར་འདི་ཉིད་དུས་ཡུན་རིང་པོ་སོང་བ་ཙམ་མ་ཟད། དུས་སྐབས་དེ་དག་རིང་གནད་དོན་གལ་ཆེ་མང་པོ་ཞིག་གྲོང་ཁྱེར་འདིའི་ནང་ཡར་རྒྱས་ཕྱིན་ཡོད།
གྲོང་ཁྱེར་འདིར་མཚོན་ན་རྒྱ་གར་གནའ་རབས་ཀྱི་རིག་གཞུང་འདྲ་མིན་འདུ་སའི་གནས་ melting pot ཤིག་ཡིན་པ་མ་ཟད། མཁས་དབང་དང་དྲང་སོང་། བསམ་གཏན་པ། ལྟ་གྲུབ་སྨྲ་བ་སོགས་ཕན་ཚུན་ལེགས་བཤད་འདྲ་མིན་ཐོག་བགྲོ་གླེང་དང་ལེགས་སྤེལ་ཉེས་འགོག དགག་བསྒྲུབ་ཀྱི་རྩོད་པ་གནང་སའི་གནས་ཁྱད་པར་བ་ཞིག་ཡིན་པ་ནི་ལོ་རྒྱུས་ལས་རྟོགས་ཐུབ་པ་མ་ཟད། དུས་ད་ལྟའང་ལམ་ལུགས་དེ་དག་རྒྱུན་འཛིན་གནང་མུས་ཡིན། གྲོང་ཁྱེར་འདིར་གཙུག་ལག་སློབ་གྲྭ་ཧ་ཅང་གལ་ཆེ་མང་དག་གཅིག་ཡོད།
དེ་ཁོངས་བྷ་ན་ར་སི་ཧིན་དུ་གཙུག་ལག་གཉེར་ཁང་ BHU བཙུགས་ནས་ལོ་ངོ་ ༡༠༠ འཁོར་ཟིན། འདི་ག་བོད་ཀྱི་གཙུག་ལག་སློབ་གྲྭ་འདིར་མཚོན་ནའང་ལོ་ངོ་ ༥༠ འཁོར་ལ་ཉེ།
ཕྱོགས་མཚུངས་ཀཱ་ཤི་ཝིདྱཱ་པིཌ་ kashi Vidyapeeth དང་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ Sanskrit University ཡོད།
འདི་ག་གཙུག་ལག་སློབ་གཉེར་ཁང་གི་ལྔ་བཅུའི་དུས་དྲན་གོང་ཕྱི་ཟླ་ ༡༢ ཚེས་ ༣༠། ༣༡ བཅས་ཉིན་གཉིས་རིང་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཚུགས་རྒྱུ་རེད། བརྗོད་གཞི་གཙོ་བོ་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ཁག་གི་ནང་སེམས་དང་སེམས་ཀྱི་བྱེད་ལས། ཞེས་པའི་བརྗོད་གཞིའི་ཐོག་གནའ་དེང་ཟུང་འབྲེལ་གྱི་ལྟ་ཚུལ་ཐོག་བགྲོ་གླེང་གནང་རྒྱུ་རེད།
སྐབས་དེར་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནས་གྲངས་ཅན་པ་དང་རིག་བྱེད་མཐའ་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་བ་སོགས་ཀྱི་མཁས་པ་མང་པོ་ཞིག་གདན་འདྲེན་ཞུས་ནས་ལྟ་གྲུབ་སོ་སོའི་ནང་སེམས་དང་སེམས་ཀྱི་བྱེད་ལས་སྐོར་བགྲོ་གླེང་གནང་རྒྱུ་རེད། རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་དེ་དག་ནང་བློའི་རྣམ་གཞག་དང་བྱེད་ལས་ལ་དཔྱད་པ་གནང་བ་ནང་བཞིན་རིག་གཞུང་གཞན་གྱིས་གནང་བ་དེ་འདྲ་ཧ་ཅང་དཀོན་པོ་རེད། དེར་བརྟེན་རྒྱ་གར་གནའ་རབས་ཀྱི་རིག་གནས་དེ་དག་ཐུན་མོང་མིན་པ་ཞིག་ཆགས་ཡོད།
རྒྱལ་སྤྱིའི་ལྷན་ཚོགས་ཕྱི་ཚེས་ ༣༠ ཉིན་དབུ་འབྱེད་ཡིན་སྟབས་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུ་དང་། ཉིན་རྒྱབ་༸གོང་ས་མཆོག་ཐུགས་ཁོམ་མེད་སྟབས་སྔ་དྲོའི་ཆེད་རྩོམ་ཐོག་ཚོགས་བཅར་བ་རྣམས་ཀྱིས་བགྲོ་གླེང་མུ་མཐུད་གནང་རྒྱུ་རེད།
དེ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་ཡིན་སྟབས། རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་ཐོག་རྒྱ་གར་གྱི་གྲོང་ཁྱེར་ལྡི་ལི་ Delhi མུམ་བྷེ་ Mumbai ཅནྡི་གྷར། Chandigarh བྷེང་ལོར་ Bangalore སོགས་ནས་མཁས་དབང་དང་ཉམས་ཞིབ་པ་སོགས་ཕེབས་རྒྱུ་མ་ཟད། ཆོས་ཚོགས་ཁག་ནས་ཉམས་ལེན་པ་དང་། བསམ་གཏན་པ། དེ་བཞིན་ཕྱི་རྒྱལ་ཁག་གི་མཐོ་སློབ་སོགས་ནས་ཉམས་ཞིབ་སྡེ་ཚན་གྱི་མཁས་དབང་དང་ལྟ་གྲུབ་སྨྲ་བ། དེ་བཞིན་གཙུག་ལག་སློབ་དཔོན་དང་ཚན་རིག་སོགས་ཁྱོན་མི་གྲངས་ ༡༥༠༠ མཉམ་ཞུགས་གནང་རྒྱུ་རེད།
དེ་བཞིན་གཙུག་ལག་སློབ་ཁང་འདི་དང་ཤེས་ཡོན་བརྗེ་ལེན་གྱི་ལམ་བཟང་རྒྱུན་སྐྱོང་གནང་མུས་ཡིན་པ་ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་ནས་སློབ་ཕྲུག་དང་དགེ་རྒན་སོགས་ཁྱོན་མི་གྲངས་ ༧༠ བརྒལ་བ་མཉམ་ཞུགས་གནང་རྒྱུ་རེད་ཅེས་སོགས་གསུང་རྗེ་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།
དེ་ཡང་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་གསུང་དོན་ལྟར་ན་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་ཁང་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ་དང་།
ཕྱི་ཚེས་ ༣༠ སྔ་དྲོ་ཆུ་ཚོད་ ༩ ཐོག་སེམས་དང་སེམས་ཀྱི་བྱེད་ལས་ཐོག་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་ཐོག་མཉམ་ཞུགས་མཛད་རྒྱུ་ཡིན་འདུག
ཕྱོགས་མཚུངས་༸རྒྱལ་བའི་༸སྐུ་ཕྱྭའི་གནད་དོན་ཐོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་དང་གཙུག་ལག་སློབ་ཁང་། དེ་བཞིན་ས་གནས་རྫོང་ལས་ཁུངས་སོགས་ནས་འགན་ཁུར་ཆ་ཚང་ཐོག་གྲ་སྒྲིག་ཨང་གསར་ཡོད་སྐོར་གསུངས་རྗེས་གསར་འགོད་ལྷན་ཚོགས་རྒྱལ་ཁའི་ངང་ནས་གྲོལ། ཐེངས་འདིར་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་མ་ཧེཤརྨ་ Mahesh Sharma མཆོག་ཆེད་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།།