༢༠༡༧ ཟླ་ ༡༢ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༢༢ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་༧།༣༠ ཙམ་ལ་ཤེས་རིག་ལས་ཁུངས་དང་སེར་བྱེས་འབྲིང་རིམ་སློབ་གྲྭ་གཉིས་ཀྱིས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་རིགས་དགེ་རྒན་ ༣༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་དམིགས་བསལ་བཀའ་སློབ་ལམ་སྟོན་སྩལ་དོན།
བོད་ནས་གཉེན་འཕྲད་དང་གནས་སྐོར་ལ་ཡོང་བ་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། གཞིས་ལུས་རྒྱ་ཆེ་མི་མང་དེ་དག་བོད་ཀྱི་དོན་གྱི་བདག་པོ་ཆགས་ཡོད། བོད་མི་ས་ཡ་དྲུག་ལྷག་ཡོད་པའི་ནང་ནས་ཁྱེད་རང་ཚོ་དེ་དག་བོད་མི་ས་ཡ་དྲུག་གི་ཆ་ཤས་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པ་དེ་དག་དུམ་བུ་ཆུང་ཆུང་ཞིག་རེད། འབུམ་གཉིས་མ་ཟིན་ཙམ་བཙན་བྱོལ་དུ་ཡོད། ཁྱེད་རང་ཚོ་བོད་ཀྱི་དོན་གྱི་བདག་པོ་ཡིན་པ་མ་ཟད། དཀའ་ངལ་དང་ཉེན་ཁ་གང་འདྲ་ཞིག་འཕྲད་པ་ཡིན་ནའང་། བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་ལྷག་བསམ་ཧ་ལས་པ་རེད་འདུག དཔེར་ན། ཕྱི་ལོ་ ༡༩༥༩ ལོར་བོད་ཁྱོན་ཡོངས་དྲག་གནོན་འོག་ཚུད་པ་རེད། མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མ་གང་བྱས་སོང་། ཞེས་ལྷ་སར་དྲི་བ་དྲིས་པར་ཏཱ་ལའི་བླ་མ་བྲོས་སོང་ཞེས་ལན་སྤྲད་འདུག་པར་མའོ་ཙེ་ཏུང་གིས་ “འོ་ན་ང་ཚོ་ཤོར་བ་རེད།”
ཅེས་བསམ་ཚུལ་དེ་ལྟར་བཤད་པའི་སྐད་ཆ་གོ་རྒྱུ་ཡོད། འོན་ཀྱང་བརྒྱ་ཆ་བརྒྱ་བདེན་པ་ཡིན་མིན་མི་ཤེས། གང་ལྟར་དེ་དུས་རྒྱ་མིའི་དཔོན་པོ་ཚོས་བོད་ལ་དྲག་གནོན་བྱས་ནས་བོད་ཀྱི་གནས་ཚུལ་རིམ་པས་ཡལ་འགྲོ་གི་རེད་བསམས་པའི་རེ་བ་དང་ཚོད་དཔག་འདི་ལྟར་བྱས་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་བསླེབས་ནས་ད་བར་ལོ་ ༥༩ ཙམ་འགྲོ་བཞིན་ཡོད་པའི་དུས་ཡུན་དེའི་རིང་གཞིས་ཆགས་ཁག་དང་། ཆོས་སྒར་ཁག་དེ་དག་ཚུགས་ཏེ་འཛམ་གླིང་ནང་སྔར་སངས་རྒྱས་པའི་ཆོས་གོ་མྱོང་ཐོས་མྱོང་མེད་པའི་ལུང་པ་ཚོའི་ནང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་མི་དེ་འདྲས་ཆོས་ཚོགས་ཆུང་ངུ་དེ་འདྲ་བཙུགས་ནས་དེ་དང་འབྲེལ་བའི་བོད་ཀྱི་སངས་རྒྱས་པའི་ཆོས་སྐོར་དེབ་མང་པོ་ཐོན་ཡོད།
དེ་འདྲའི་ཐོག་ནས་ཕྱི་ལོ་ ༡༩༥༩ ལོར་དྲག་གནོན་བྱས་པའི་སྐབས་ཀྱི་བསམ་བློ་མཁྲེགས་པོ་ཡོད་མཁན་དེ་ཚོའི་བློ་ཡུལ་ལ་མེད་པ་ཞིག་ང་ཚོ་བཙན་བྱོལ་བ་ཆགས་ནས་གནས་སྟངས་འདྲ་ཞིག་སྒང་ཡོད། དེ་ལྟར་སྙིང་སྟོབས་ཡོང་བའི་གཞི་རྩ་གཙོ་བོ་ནི། གཞིས་ལུས་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་བསྡད་པ་ཡིན་སྟབས། ང་ཚོ་འདིར་བཙན་བྱོལ་ལ་ཡོད་མཁན་ཚོས་སྙིང་སྟོབས་སྐྱེས་ནས་གནས་ཐུབ་རྒྱུ་བྱུང་བ་རེད། ཤེས་སོང་ངམ།
ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེ་མི་མང་གིས་སྲོག་གི་ཉེན་ཁ་ཡོད་ནའང་། མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཧ་ལས་པ་ཡོད་པའི་ཐོག་གནས་པ་རེད། དེར་བརྟེན་བོད་ཀྱི་བདེན་དོན་འདི་མ་ཡལ་བར་འཛམ་གླིང་འདིའི་སྟེང་གནས་ཡོད།
གཉིས་ནས་རྒྱ་ནག་རང་གི་ནང་སྔ་མོ་རིག་གནས་གསར་བརྗེ་དར་སྐབས་སུ་ཡིན་ན། ཆོས་ལུགས་ཚང་མར་ཉམས་ཉེས་ཤུགས་ཆེན་པོ་བཏང་བ་རེད། ལྷག་པར་བོད་ནང་ཆ་བཞག་ན། དགོན་པ་སྟོང་ཕྲག་མང་པོ་གཏོར་བ་རེད། དེ་དང་དེས་མཚོན་ཧ་ལམ་སངས་རྒྱས་པའི་ཆོས་ཤུལ་ཙམ་ཡང་མེད་པ་བཏང་བ་ལྟ་བུ་བྱུང་ཡོད།
དེ་བཞིན་རྒྱ་ནག་རང་གི་ནང་དུའང་ཆོས་ཕྱོགས་ཐོག་ཧ་ཅང་དམ་བསྒྲགས་བྱས་ཡོད་ནའང་། ཏིང་ཞའོ་ཕིང་གིས་སྲིད་བྱུས་གསར་པ་བསླེབས་པའི་ཐོག་ནས་རྒྱ་ནག་ནང་ཆོས་དད་ཧ་ཅང་ཤུགས་ཆེ་རུ་ཕྱིན་ནས་དེང་སྐབས་རྒྱ་ནག་ནང་ཆོས་ལུགས་གཞན་ཁག་གཅིག་ཀྱང་ཡོད་པ་མ་ཟད། གཙོ་ཆེ་ཤོས་ནང་པའི་ཆོས་ལུགས་རེད། རྒྱ་ནག་ནང་དེང་སྐབས་ནང་པ་ས་ཡ་ ༣༠༠ ལྷག་དང་ ༤༠༠ མ་ཟིན་ཙམ་གྱི་གྲངས་འབོར་འདུག དོ་སྣང་བྱེད་མཁན་ཧ་ཅང་ཤུགས་ཆེན་པོ་རེད་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།།