༢༠༡༡ ཟླ་ ༡ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་གཉིས་ཟུང་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། སྐབས་དེར་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ལ་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་ལེགས་བྱང་སོགས་སྲུང་སྐྱོབས་བྱ་རྒྱུ་དང། ཕྱོགས་གཉིས་དབར་བསམ་ཚུལ་མི་མཐུན་པ་དང་སེམས་ཚབ་བྱ་རྒྱུའི་གནད་དོན་རྣམས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་སླད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་དང་ལྷན་གྲོས་མོལ་རྒྱུན་མཐུད་ནས་གནང་དགོས་པའི་སྐུལ་མ་གནང་དོན།
ཨ་མི་རི་ཀས་འཇིག་རྟེན་ཀུན་ཁྱབ་ཀྱི་མི་མང་ཐོབ་ཐང་ལ་རྩི་བཀུར་ཞུ་རྒྱུར་གཞི་རྩའི་ཆོས་སེམས་བརྟན་པོར་འཛིན་བཞིན་ཡོད་པ་དེ་ངོས་ཀྱིས་འདིར་བསྐྱར་ནན་ཞུ་རྒྱུ་དང།
གཞི་རྩའི་སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང། འདུ་འཛོམ་ཀྱི་རང་དབང། ཚོགས་འདུའི་རང་དབང། ངོ་རྒོལ་བྱ་རྒྱུའི་རང་དབང། ཆོས་ལུགས་ཀྱི་རང་དབང་སོགས་འཇིག་རྟེན་ཀུན་ཁྱབ་ཀྱི་མི་མང་ཐོབ་ཐང་དེ་རྣམས་ལ་རྒྱ་ནག་གི་རྩ་ཁྲིམས་ནང་ངོས་འཛིན་གནང་ཡོད།
ངོས་ཀྱིས་གོང་དུ་བརྗོད་པ་བཞིན་ང་ཚོ་ཨ་རི་བ་ཞིག་ཡིན་པའི་རྒྱུ་མཚན་ཙམ་མིན་པར། རྒྱ་ནག་ཐེ་བས་རྒྱལ་ཁབ་ཚང་མས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་དག་ལ་རྩི་བཀུར་ཞུས་ཚེ་ཡར་རྒྱས་དང་ལམ་ལོང་ལྡན་པ་ཞིག་ཡོང་གི་ཡོད་པར་བརྟེན་ང་ཚོས་གནད་དོན་དེར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཨ་མི་རི་ཀས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ནའང།
བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་ལེགས་བྱང་སོགས་སྲུང་སྐྱོབས་བྱ་རྒྱུ་དང། ཕྱོགས་གཉིས་དབར་བསམ་ཚུལ་མི་མཐུན་པ་དང་སེམས་ཚབ་བྱ་རྒྱུའི་གནད་དོན་རྣམས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་སླད་རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་རྒྱུན་མཐུད་ཡོང་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང།
ད་ཐེངས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ཐེངས་བརྒྱད་པ་ཆགས་ཡོད་པ་བཅས།།
ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མས་བོད་ཀྱི་གནད་དོན་སེལ་སླད་རྒྱ་ནག་གཞུང་གིས་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་བ།
གསར་གནས།
འབྲེལ་གནས།