༢༠༡༡ ཟླ་ ༡ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་ ༩ ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་གནས་མཆོག་ཝྭ་རཱ་ཎ་སིར་དད་ལྡན་སེར་སྐྱ་མི་མང་ ༣༠༠༠༠ བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱངས་ཏེ་ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་བཅས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ཆུ་ཚོོད་ ༩།༣༠ ཐོག་བཞུགས་སྒར་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུ་ཞུས། དེ་རྗེས་༸གོང་ས་མཆོག་ཕོ་བྲང་དུ་༸ཞབས་སོར་འཁོད་མཚམས་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་གཉིས་དང་། བཀའ་བློན་རྣམ་པ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།