༢༠༡༧ ཟླ་ ༡༢ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས། “བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་དོ་དམ་བྱ་ཐབས།” ཟེར་བ་འོས་བབ་རྩ་བ་ནས་མེད་པའི་ཁྲིམས་ཡིག་གཏན་འབེབས་བྱས་ནས་ད་བར་ལོ་ ༡༠ འཁོར་འདུག
ཁྲིམས་དེའི་འོག་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་གསར་པ་ “ངོས་འཛིན་དང་། གསོ་སྐྱོང་། སློབ་གསོ། དོ་དམ།” བཅས་ཚུལ་བཞིན་བྱ་ཁུལ་བྱས་པ་ཙམ་དུ་མ་ཟད། རྒྱ་ནག་དམར་ཤོག་སྲིད་གཞུང་གི་ངོས་འཛིན་མ་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་སུ་འདྲ་ཞིག་ཡིན་ཡང་སྤྲུལ་སྐུའི་ཡང་སྲིད་ཚད་ལྡན་ཞིག་མིན་པའམ་ཁྲིམས་འགལ་དུ་བརྩི་རྒྱུ་ཡིན་པའི་བརྡ་ལན་ཞིག་ཀྱང་བཏང་བ་རེད།
ཁོ་པ་ཚོའི་ཁྲིམས་ཡིག་དེ་ནི་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལས་དོན་ “ཁྲིམས་སྐྱོང་ཅན་” དང་ “ཚད་ལྡན་”ཅན་དུ་གྱུར་བར་ཕན་ཐོགས་བྱུང་ཚུལ་བཤད་པ་ཙམ་དུ་མ་ཟད། ཆོས་དུག་ཏུ་རྩི་བཞིན་པའི་རྒྱ་ནག་གུན་ཁྲན་སྲིད་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་དང་ཁེ་ཕན་ཁོ་ནར་དམིགས་ནས་ “རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་” ཟེར་བའི་གཞུང་འབྲེལ་དྲ་བའི་ཐོག བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཡིན་ཟེར་བའི་མིང་གཞུང་ཞིག་ཀྱང་གསལ་བསྒྲགས་སྤེལ་འདུག ཆོས་མེད་སྨྲ་བའི་གུང་ཁྲན་རིང་ལུགས་ཀྱི་ཆོས་ཀྱི་རྗེ་བོ་བླ་སྤྲུལ་ཡང་སྲིད་བདག་པོ་རྒྱག་རྒྱུའི་འཁྲབ་གཞུང་འདིར་ཟུར་གནས་སྐྱེ་བོ་སུས་བལྟས་ཀྱང་མིག་ལམ་དུ་དངོས་འགལ་དུ་མཐོང་བ་ཆོས་ཉིད་ཡིན། ལྷག་པར་ཁྲིམས་ཡིག་དེ་འདྲ་ཞིག་སྤེལ་བ་དེས་བོད་མིའི་སེམས་ཁམས་སུ་རྨ་ཁ་ཆེན་པོ་ཞིག་བཟོས་པར་བརྟེན་བོད་མི་ཚོས་མཐའ་གཅིག་ཏུ་ངོ་རྒོལ་དང་དགག་བྱ་བྱེད་བཞིན་ཡིན།
དེ་ཡང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུར་རྒྱ་སྐད་ཐོག་ནས་ huófó (活佛) ཞེས་པ་དེ་བོད་སྐད་དུ་སྒྱུར་ན་སངས་རྒྱས་གསོན་པ། ཞེས་པའི་དོན་དང་། ཨིན་སྐད་ནང་སྒྱུར་སྐབས་ living Buddha ཞེས་འབྲི་དགོས་པ་ལས་སྤྲུལ་སྐུའི་གོ་དོན་ཟུར་རྩམ་ཡང་མེད། ཤར་ནུབ་ཡུལ་གྲུ་འདྲ་མིན་གྱི་བོད་བརྒྱུད་ནང་བསྟན་ལ་མཁས་པར་གྲགས་པ་རྣམས་ཀྱིས་ད་ཕན་བོད་པའི་བླ་སྤྲུལ་སྐོར་གྱི་རྣམ་ཐར་དང་དཔྱད་རྩོམ་སོགས་འབྲི་སྐབས་བོད་སྐད་སྒྲ་རང་སོར་བཞག་ནས་ཨིན་སྐད་ནང་ Trulku ཞེས་པའམ་ lama ཞེས་བྲིས་པ་དང་། ཡང་ན་ Reincarnation སྐུ་སྐྱེས་སམ་ཡང་སྲིད་ཞེས་བྲིས་པ་མ་གཏོགས་སངས་རྒྱས་གསོན་པ། living Buddha ཞེས་འབྲི་སྲོལ་མེད།
ཧིན་སྐད་ནང་དུའང་བླ་མར་ Guru ཞེས་འབྲི་བ་དང་། རྣམ་སྤྲུལ་ལམ་འཇུག་པར་ avatar ཞེས་འབྲི་བ་ལས་རྒྱ་མིའི་འབྲི་སྲོལ་ལྟར་སངས་རྒྱས་གསོན་པ། living Buddha ཞེས་པའི་འབྲི་སྲོལ་གཏན་ནས་མེད། ལར་ནས་བོད་མི་ཚོས་བླ་མ་སྤྲུལ་སྐུ་ལ་སངས་རྒྱས་གསོན་པ་ living Buddha ཞེས་ནམ་ཡང་འབོད་སྲོལ་མེད།
༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༧ ནང་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་ཆོས་ཞུ་བ་འབུམ་གཅིག་དང་ཁྲི་གཉིས་ལྷག་ལ་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་བཞི་པ་མཇུག་སྐྱོང་མཛད་སྐབས་བཀའ་སློབ་འདི་ལྟར་སྩལ།
“བླ་མ་ཟེར་བའི་ཚིག་རྒྱ་སྐད་ནང་ Huofu ཟེར་བ་ནས་ཨིན་སྐད་ནང་ living Bhuddha སངས་རྒྱས་གསོན་པ་ཟེར་བ་དེ་ནོར་བ་རེད། དེ་རྒྱ་གར་སྐད་ནང་གུ་རུ་ Guru ཟེར་གྱི་ཡོད། བོད་སྐད་ནང་བླ་མ་ཟེར་དུས་ཡོན་ཏན་ལྷག་པ་དང་ཡོན་ཏན་གྱི་ཕྱུག་པ། དེ་འདྲ་ཞིག་གང་ཟག་ཐ་མལ་མེད་པ་ལས་གོང་མར་གྱུར་བ་ཡིན་པས་ན་བླ་མ་ཟེར་བའི་མིང་ཐོབ་ཀྱི་འདུག སངས་རྒྱས་གསོན་པ་ཟེར་བར་དོན་གང་ཡང་མེད། སངས་རྒྱས་གསོན་པ་ཟེར་ནས་སངས་རྒྱས་གསོན་པས་སྤྱོད་པ་ངན་པ་འདྲ་བྱས་དུས་ཁྱད་མཚར་ཆགས་འགྲོ་ཡི་རེད། དེས་ན་མཚན་ཉིད་ཚང་བའི་བླ་མ་ཞིག་བཙལ་ནས་གཏན་འཁེལ་བ་བྱུང་རྗེས་དེ་ནས་བློ་རྩེ་གཅིག་བྱེད་དགོས་པ་གལ་ཆེན་པོ་རེད།” ཅེས་བཀའ་སློབ་སྩལ།
བོད་སིལ་བུར་ཐོར་བ་ནས་བཟུང་ཆབ་སྲིད་གོང་བུ་གཅིག་གྱུར་དེ་སྔ་ཆོས་རྒྱལ་ཚོའི་སྐུ་དུས་ལྟར་བྱུང་ཐུབ་མེད་ཀྱང་བོད་མདོ་དབུས་ཁམས་གསུམ་ནང་བོད་རིགས་གཅིག་གྱུར་གྱི་འདུ་ཤེས་མུ་མཐུད་གནས་ཐུབ་པ་དེ་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ལ་བརྟེན་ནས་བྱུང་ཐུབ་ཡོད།
བོད་ལ་སྤྲུལ་སྐུའི་ལམ་ལུགས་ཕྱི་ལོ་ ༡༢༨༤ ལོར་འཁྲུངས་བའི་ཀརྨ་རང་བྱུང་རྡོ་རྗེ་དགུང་ལོ་ལྔར་ཕེབས་པའི་སྐབས་སུ། གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་སྐུ་ཕྲེང་གཉིས་པར་གྲགས་པ་ཀརྨ་པཀྴིའམ་ཆོས་ཀྱི་བླ་མའི་ཡང་སྲིད་དུ་ངོས་འཛིན་གནང་། དེ་ནས་བཟུང་བོད་ལ་སྤྲུལ་སྐུའི་ལམ་ལུགས་ཐོག་མར་དར་བ་ཡོངས་གྲགས་ཡིན།
ཕྱོགས་མཚུངས་༸རྒྱལ་དབང་༸སྐུ་ཕྲེང་ན་རིམ་ལ་མཚོན་ན། ཕྱི་ལོ་ ༡༤༧༤ ལོར་རྗེ་དགེ་འདུན་པ་གྲུབ་པ་མཆོག་སྐུ་མྱ་ངན་ལས་འདས་རྗེས་ཕྱི་ལོ་ ༡༤༧༦ ལོར་གཙང་རྟ་ནག་ཏུ་འཁྲུངས་བའི་དགེ་འདུན་རྒྱ་མཚོ་མཆོག་ལ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་རྗེ་དགེ་འདུན་གྲུབ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་ནས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྲོལ་དར།
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལ་བདག་དབང་ཡོད་ཚུལ་བཤད་པ་དེའི་རྒྱབ་ལྗོངས་དེ་སྔ་བོད་ཀྱི་ཆོས་རྒྱལ་ཚོའི་སྐུ་དུས་སུ་རྒྱ་ནག་གོང་མ་དང་ཆོས་ཡོན་གྱི་འབྲེལ་བ་ཡོད་པ་དེར་གཞི་རྩར་འཛིན་པ་ཞིག་དང་། ལྷག་པར་༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་༸སྐུ་དུས་ནས་རྒྱའི་ཨམ་བྷན་ལྷ་སར་བཅའ་སྡོད་བྱས་པ་ནས་བཟུང་གསེར་བུམ་དཀྲུག་འདོན་གྱིས་མཚོན་བོད་མིའི་ཆོས་སྲིད་ཀྱི་བདག་དབང་ལ་རྒྱ་མིས་གནོན་ཤུགས་སྤྲོད་འགོ་བརྩམས་པའི་གནས་སྟངས་དེ་བུ་ཞིག་ལ་གཞི་བཅོལ་བཞིན་ཡོད། འོན་ཀྱང་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་དེ་ནི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ཞིག་གཏན་ནས་མིན་པ་དང་། ལྷག་པར་༸རྒྱལ་དབང་རིམ་བྱོན་ལ་མཚོན་ནའང་གསེར་བུམ་དཀྲུག་འདོན་ལམ་ནས་ངོས་འཛིན་ཞུས་པ་ཆེས་དཀོན།
རྒྱ་ནག་གུང་ཁྲན་རིང་ལུགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཤ་ཚ་མདོག་གིས་སྤྲུལ་སྐུའི་ཡང་སྲིད་ཚུན་སྲིད་གཞུང་གིས་ཐག་གཅོད་བྱ་དགོས་པ་དེའི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་སེམས་ཁམས་ནང་བླ་མས་ཆོས་སྲིད་གང་ཐད་ནས་ལམ་ནོར་ལྡོག་ཤེས་ཀྱི་ལམ་སྟོན་གནང་ཐུབ་པའི་བག་ཆགས་གཏིང་ཟབ་ཅིག་རྒྱུན་འཇགས་སུ་གནས་པ་དེ་ཆབ་སྲིད་ཀྱི་ལག་ཆར་བཀོལ་ནས་འབྱུང་འགྱུར་བོད་མིའི་ཆོས་སྲིད་གཉིས་ཀའི་ཐོག་དོན་དམ་གྱི་བདག་དབང་ཞིག་ཐོབ་ཐབས་བྱེད་བཞིན་པ་དེ་ཡིན།
ངན་གཡོའི་སྲིད་བྱུས་དེ་ལྟ་བུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མ་མཁྱེན་པ་ག་ལ་སྲིད། བོད་བསྟན་སྲིད་མི་རིགས་སྤྱི་དང་ལྷག་པར་སངས་རྒྱས་ཀྱི་བསྟན་པ་ཉག་གཅིག་ལ་དགོངས་བཞེས་མཛད་ནས་ཆོས་སྲིད་མ་འདྲེས་སོ་སོར་འབྱེད་རྒྱུའི་དུས་ལ་བབ་པར་གཟིགས་ཏེ།
བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་ལོའི་བོད་ཟླ་ ༦ ཚེས་ ༡༠ དང་། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་༸སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གིས་རྒྱ་གར་དརྨ་ཤཱ་ལར་རྟེན་གཞི་བྱས་པའི་༸རྒྱལ་བའི་ཕོ་བྲང་གི་མདུན་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭའི་ནང་།
དེ་སྔ་ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ཏཱ་ལའི་བླ་མ་༸སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་དབུ་བརྙེས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྩིས་སྤྲོད་མཛད་པ་དང་སྦྲགས།
ཕྱི་ལོ་ ༡༧༥༡ ལོར་༸རྒྱལ་དབང་སྐུ་ཕྲེང་བདུན་པས་བཀའ་ཤག་བསྐྱར་འཛུགས་སྐབས་བསྩལ་བའི་བཀའ་ཤག་གི་ཁྲིམས་མཐུན་མཚོན་རྟགས་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྩིས་སྤྲོད་མཛད་པ་ནས་བཟུང། ཏཱ་ལའི་བླ་མའི་བླ་བྲང་གིས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མཛད་རྒྱུའི་ལམ་སྲོལ་དེ་༸གོང་ས་ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མ་སྐུལ་དང་བླངས་ཐོག་ནས་ཐུགས་དགའ་སྤོབས་དང་བཅས་མཇུག་སྒྲིལ་མཛད་པ་རེད།
དུས་སྐབས་དེ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མ་དང་བླ་བྲང་གིས་ཆབ་སྲིད་དབང་ཆ་འཛིན་རྒྱུའི་ལམ་ལུགས་དེ་ནི་དེ་སྔ་ཞིང་བྲན་ལམ་ལུགས་ཀྱི་ཤུགས་རྐྱེན་འོག་ནས་རྒྱུན་འབྱམས་བྱུང་བ་ཞིག་ཡིན་ཞིང་། ད་ཆ་དུས་རབས་ ༢༡ ནང་བསླེབ་ཡོད་སྟབས་ལམ་ལུགས་དེ་དུས་ཚོད་ཡོལ་ཟིན། དེར་བརྟེན་བོད་མིའི་སྤྱི་ཚོགས་ལ་མཚོན་ནའང་བླ་མས་ཆབ་སྲིད་ཀྱི་དབང་ཆ་འཛིན་ནས་སྡོད་རྒྱུའི་དུས་ཚོད་མཇུག་བསྒྲིལ་ཟིན་སྐོར་བཀའ་སློབ་ཡང་ཡང་ཕེབས།
དེ་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཆབ་སྲིད་དགོས་མཁོ་དང་ཁེ་ཕན་ཁོ་ན་བསྒྲུབ་ཆེད་ལ་དམིགས་པའི་བྱེད་བབ་དེ་ནི་རྒྱ་ནག་གཞུང་གི་སྲིད་བྱུས་རྙིང་པ་ཞིག་རེད། དེ་སྔ་བོད་དུ་རིག་གནས་གསར་བརྗེའི་སྲིད་བྱུས་ལག་བསྟར་བྱེད་སྐབས་ “རྙིང་ཞེན་རྩ་གཏོར་” ཟེར་བ་དང་། “གསར་བརྗེ་” ཟེར་བའི་མིང་འདོགས་སྣ་ཚོགས་འོག་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སྟོང་ཕྲག་དྲུག་ཙམ་གཏོར་བཤིག་བཏང་བ་མ་ཟད། བོད་མི་དགེ་བཙུན་རྣམས་བཙན་དབང་ཐོག་སྐྱ་སར་ཕབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཞན་སློབ་གསོའི་ལས་འགུལ་སྤེལ་ཡོད། ད་ཆ་ཁོ་པ་ཚོས་བོད་ལ་དབང་སྒྱུར་བྱ་རྒྱུའི་ཁྲིམས་མཐུན་གྱི་བདག་དབང་ཆ་ཚང་བ་ཞིག་ཐོབ་ཐབས་ཁོ་ནར་དམིགས་ནས་ལོ་ངོ་སྟོང་ཕྲག་ཕྱིན་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ལམ་ལུགས་ལ་བརྩི་མེད་རྡོག་རོལ་བཏང་ནས་རྒྱ་ནག་གཞུང་གིས་རང་སྣང་གང་དྲན་ཐོག་ཁྲིམས་སྒྲིག་གསར་བཟོ་བྱེད་བཞིན་ཡོད། ཁོ་པ་ཚོས་དེ་ལྟར་བྱ་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ་གཙོ་བོ་ནི་ཏཱ་ལའི་བླ་མའི་བླ་བྲང་གི་བདག་དབང་ཐོབ་ཐབས་བྱ་རྒྱུ་ཡིན།
འོན་ཀྱང་རྒྱ་ནག་གཞུང་གིས་ཤེས་དགོས་པ་ནི། བོད་བརྒྱུད་ནང་བསྟན་དར་ནས་ལོ་ངོ་སྟོང་ཕྲག་ཕྱིན་པ་དང་། དད་པ་དང་ཡིད་ཆེས་གཞི་རྩར་བཟུང་བའི་བླ་སྤྲུལ་ཡང་སྲིད་ལམ་ལུགས་དེ་ནི་བོད་མིའི་སེམས་སུ་འཇགས་པའི་བག་ཆགས་ཤུགས་ཆེ་ཞིག་ཡིན་སྟབས། ལོ་ངོ་བཅུ་ཙམ་ལས་མ་སོང་བའི་རྒྱ་ནག་གཞུང་གི་ཁྲིམས་ཡིག་དེས་ལམ་སང་བོད་མིའི་བློ་འགུགས་ཐུབ་རྒྱུ་ཟེར་བ་ནི་ཉིན་མོའི་རྨི་ལམ་རང་རེད། ” ཅེས་གསུངས།
ཕྱི་ལོ་ ༡༩༥༡ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་སར་དབང་སྒྱུར་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་ལ་སྣང་ཆུང་དང་ཁྱད་གསོད་ཁོ་ན་བྱས་ཡོད། འོན་ཀྱང་བོད་མིའི་སྙིང་སྟོབས་ནམ་ཡང་མ་ཞུམ་པར་སྲ་བརྟན་དུ་གནས་ཡོད་སྟབས། འཇམ་རྩུབ་ཀྱི་གཡོ་ཐབས་སྣ་ཚོགས་སྒོ་ནས་བོད་མིའི་བློ་ཁ་སྒྱུར་ཐབས་བྱས་ཡོད། དེས་ཀྱང་མ་ཕན་པར་བརྟེན་ད་ཆ་ཏཱ་ལའི་བླ་མའི་བླ་བྲང་བརྒྱུད་ནས་མ་གཏོགས་བོད་མིའི་སེམས་ཁམས་འགུགས་ཐབས་མེད་པ་ཤེས་ཏེ་༸གོང་ས་ཏཱ་ལའི་བླ་མའི་༸སྐུ་ཕྲེང་ཕྱི་མ་ཁོ་པས་དབང་སྒྱུར་ཐབས་བྱེད་བཞིན་ཡོད། ཁོ་པས་བསམ་པར་དེ་ལྟར་བྱུང་ཐུབ་ཚེ་ཁོ་པའི་ཆབ་སྲིད་ཀྱི་དགོས་མཁོ་ཡོངས་རྫོགས་བསྒྲུབ་ངེས་རེད་བསམ་པའི་རེ་སྟོང་འཆང་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མིའི་སེམས་ཁམས་ལ་ཧ་ཅང་རྨ་ཁ་ཆེན་པོ་བཟོ་རྒྱུའི་སྲིད་བྱུས་དེས་རྒྱ་ནག་གཞུང་ལ་ཕན་རྒྱུའི་ཚབ་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་བརྒྱུད་ནང་བསྟན་གྱི་མཁས་པ། དེ་བཞིན་བོད་རིག་པའི་མཁས་དབང་ཁྲོད་རྒྱ་ནག་གཞུང་ལ་ཡི་མ་རང་བ་དང་། འཕྱ་སྨོད་དང་ཁ་རྡུང་གཏོང་ཡུལ་ཞིག་ཏུ་གྱུར་བ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ “རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐྱུའི་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཟེར་བ་ནི་ལྷོ་ཨ་རིའི་ཁུ་བྷ་ Cuba ཡུལ་གྱི་དམར་ཤོག་ཚོགས་པའི་སྲིད་འཛིན་ཕི་ཌེལ་ཀེ་སི་ཊོས་ Fidel Castro ཡེ་ཤུའི་བླ་ཆེན་པོབ་ Pope བསྐོ་གཞག་བྱས་པ་དང་གཉིས་སུ་མེད།”ཅེས་དང་། སྲིད་སྐྱོང་མཆོག་གིས་མུ་མཐུད་ “རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་བླ་བྲང་གི་ཆེ་མཐོང་ལ་ངོས་འཛིན་མི་ཞུ་ཐབས་མེད་ཆགས་ཡོད་པར་བརྟེན། འབྱུང་འགྱུར་༸རྒྱལ་བའི་ཡང་སྲིད་ཀྱི་བདག་དབང་ལ་རྩོད་བཞིན་ཡོད། འོན་ཀྱང་རྒྱལ་སྤྱིའི་སྟེང་ཏཱ་ལའི་བླ་མའི་བླ་བྲང་གི་ཆེ་མཐོང་དང་མཚན་གནས་གུང་དུ་འདེགས་གནང་མཛད་མཁན་ནི་ད་ལྟའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་༸སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ཡིན། དེ་ལྟར་ཡིན་བཞིན་དུ་རྒྱ་ནག་གཞུང་གིས་ཁོང་ལ་མཚན་སྨད་དང་སྒྲོ་སྐུར་སྣ་ཚོགས་ཞུས་དང་ཞུ་བཞིན་པར་བརྟེན། ངོ་ལྐོག་རྒྱབ་མདུན་གཏན་ནས་མི་མཚུངས་པའི་རྒྱ་ནག་གཞུང་གི་ཅོལ་ཆུང་གི་བྱེད་བབ་དེ་ནི་ཧ་ཅང་ཡ་མཚན་སྐྱེ་དགོས་པ་ཞིག་དང་། ཆེས་མཐའ་ཞན་དང་། སྐྱུག་བྲོ་དགོས་པ་ཞིག་རེད། དེར་བརྟེན་རྒྱ་ནག་གཞུང་གི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཀྱི་བདག་དབང་ལ་དབང་སྒྱུར་བྱ་རྒྱུའི་སྲིད་བྱུས་འདི་ནི་རྫུན་བཟོ་ཁོ་ན་དང་དོགས་ཟོན་བྱ་དགོས་པ་ཞིག་རེད། ལྷག་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཐོག་མ་རང་ནས་རྒྱ་ནག་གཞུང་གི་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད།” ཅེས་གསུངས། །
གོང་གི་ཆེད་རྩོམ་འདི་ནི་འདི་གའི་རྩོམ་སྒྲིག་པའི་བསམ་ཚུལ་ཡིན་པ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ཡིན་པའི་ཁྱབ་པ་མེད།