༄༅། །འདི་གར་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༡༥ ཐོག་༸གོང་ས་མཆོག་གིས་ཝྭར་ཎཱ་གཙུག་ལག་སློབ་གཉེར་ཁང་གི་གླིང་ཁའི་ནང་བོད་ནས་ཆོས་ཞུར་བཅར་བའི་དད་ལྡན་སེར་སྐྱ་མིང་མང་ཁྱོན་མི་གྲངས་ ༡༨༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན།
སྔར་ཆོས་རྒྱལ་ཚོའི་སྐབས་ནས་བོད་ཡོངས་རྫོགས་གཅིག་གྱུར་བྱས་ནས་བསྡད་པ་རེད། སངས་རྒྱས་ཀྱི་ཆོས་ལ་ཆ་བཞག་ནའང་དེ་དེ་བཞིན་རེད། ང་ཚོ་བོད་ཡིག་ལ་ཆ་བཞག་ནའང་ས་ཁུལ་ཡོངས་སུ་རྫོགས་པ་གཅིག་ཡིན། སྒྲ་གདངས་མི་འདྲ་བ་ཡོད་པ་རེད་མ་གཏོགས་གཞན་ཡོངས་རྫོགས་གཅིག་གྱུར་ཆགས་ཡོད། བོད་སིལ་བུ་ཆགས་པ་ནས་བཟུང་རིམ་པས་ཆབ་སྲིད་ཐོག་ནས་བོད་གོང་བུ་གཅིག་གྱུར་མ་བྱུང་བར་དུམ་བུ་དུམ་བྱས་ཏེ། ང་ཚོ་བོད་པ་གཅིག་གྱུར་ཡིན་ཡང་རྒྱ་མིའི་ཆབ་སྲིད་ཀྱི་སྒྲིག་འཛུགས་འོག་ཏུ་ཡོད་པ་དེ་རྒྱ་སྡེ་ཟེར་བ་དང་། འབྲི་ཆུ་ཚུན་ཆད་ཀྱི་ས་ཁུལ་དེ་དག་བོད་སྡེ་མདོ་སྤྱིའི་ཁྱབ་ཁོངས་དེ་འདྲ་ཞིག་ཆགས་པ་རེད། ང་ཚོས་འདིར་བོད་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་རྒྱུའི་ཐབས་ཤེས་དང་འབད་བརྩོན་བྱས་ཏེ་རྒྱ་ནག་གཞུང་ལ་སྔ་རྗེས་བརྗོད་ཡོད། དེ་ང་ཚོ་བོད་པ་རྩམ་ཟན་མ་ཎི་འདྲེན་མཁན་ཡོངས་སུ་རྫོགས་པར་རང་སྐྱོང་གི་ཐོབ་ཐང་གཅིག་གྱུར་ཞིག་དགོས་ཀྱི་འདུག ་ཅེས་ང་ཚོས་འབད་བརྩོན་བྱེད་རྒྱུ་དེ་རེད། ང་ཚོ་བོད་དུམ་བུ་དུམ་བུ་བྱས་ནས་ཕྱིིན་ན། བོད་པའི་ཆིག་སྒྲིལ་གྱི་ནུས་པ་ཉམས་འགྲོ་གི་རེད། དཔེར་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་མི་རིགས་འདྲ་མིན་ཡོད་པ་ཚང་མ་ཆིག་སྒྲིལ་དགོས་ཀྱི་རེད་ཅེས་བརྗོད་ཀྱི་འདུག
ཡིན་དང་ཡིན། རྒྱལ་ཁབ་ནང་གི་མི་རིགས་འདྲ་མིན་ཚང་མ་ཆིག་སྒྲིལ་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་དུ་མི་རིགས་སོ་སོ་ཡང་ཆིག་སྒྲིལ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོར་ཆ་བཞག་ནའང་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེེས་ང་ཚོ་བོད་རིགས་རྩམ་ཟན་ཡོངས་རྫོགས་གཅིག་གྱུར་བྱས་ནས་སྡོད་ཀྱི་ཡོད་པ་རེད་མ་གཏོགས་མདོ་དབུས་ཁམས་ཀྱི་སྐད་ཆ་གང་ཡང་མེད། ང་ཚོ་བོད་པ་ཡོངས་རྫོགས་བོད་གངས་ཅན་པ་ཞེས་གཅིག་གྱུར་འོག་སྡོད་ཀྱི་ཡོད། དེ་བཞིན་དུ་བོད་ནང་དུ་ཆ་བཞག་ནའང་གཞིས་ལུས་རྒྱ་ཆེའི་མི་མང་ཚང་མ་གངས་ཅན་པ་ཞེས་པའི་འདུ་ཤེས་གཅིག་གྱུར་འོག་མི་རིགས་གོང་བུ་གཅིག་གི་བསམ་ཚུལ་ཤུགས་ཆེན་པོ་ཡོད་པ་ལྟ་བུ་འདུག་པས་ཧ་ཅང་ཡག་པོ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན།
དེ་རིང་སྔ་དྲོ་ངོས་ཀྱིས་བརྗོད་པ་ལྟར། གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་ལྟ་བུ་རེད། གཞིས་ལུས་རྒྱ་ཆེའི་མི་མང་ལ་དུས་ད་ལྟ་བར་དུ་དངོས་གནས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་མི་རིགས་ཐོབ་ཐང་དང་མི་རིགས་ཀྱི་དྲང་བདེན་འཐབ་རྩོད་ཐོག་ལ་ཚང་མ་ཆིག་སྒྲིལ་དང་གཅིག་གྱུར་བྱེད་ཀྱི་ཡོད། མདོར་ན་བོད་རིག་གུང་ཁྲན་ཏང་ཡོན་དང་མཐོ་རིམ་གྱི་ལས་ཀ་བྱེད་མཁན་དེ་འདྲ་མང་པོ་ཡོད། ཁ་ནས་སྐད་ཆ་འདྲ་ཆགས་པོ་མ་བཤད་དཀའ་མེད་རེད། འོན་ཀྱང་སེམས་གཏིང་ལ་བོད་པ་ཡིན་བསམ་པའི་འདུ་ཤེས་ཚང་མར་གཅིག་གྱུར་འདུག སྔོན་མ་བོད་རང་སྐྱོང་ལྗོངས་ནང་ལ་ཁྲན་གུན་ཡོན་ཟེར་བ་ཡོད་པའི་སྐབས་དེར་ཡིན་པ་ཡོད། བོད་རང་སྐྱོང་ལྗོངས་ནང་ལ་ཏང་མི་མང་པོ་ཡོད་ཀྱང་བློས་འཁེལ་བའི་མི་རག་སྡིག་དང་རྒྱལ་མཚན་ནོར་བུ་མ་གཏོགས་མེད་ཅེས་བཤད་པ་རེད། ངོས་རང་རྒྱ་གར་དུ་སྡོད་ཀྱི་ཡོད་ཀྱང་རག་སྡིག་དང་རྒྱལ་མཚན་ནོར་བུས་ངོ་ཤེས་པ་དེ་འདྲ་བརྒྱུད་ངོས་ལ་སྐྱབས་འཇུག་ཞུ་རྒྱུ་དེ་འདྲ་ཡོང་གི་འདུག དེར་བརྟེན་ངོས་ཀྱིས་ཚོད་ཐིག་རྒྱུར་མི་གཉིས་པོ་དེ་ཡང་བློས་འཁེལ་རྒྱུ་མེད་པ་ལྟ་བུ་ཆགས་པ་རེད། གང་ལྟར་མདོ་སྟོད་སྨད་ལ་ཆ་བཞག་ནའང་གུང་ཁྲན་ཏང་ཡོན་ལས་བྱེད་མཐོ་པོ་དེ་འདྲ་ཡིན་ཡང་སེམས་གཏིང་ལ་སོ་སོའི་མི་རིགས་ཀྱི་ལྟ་བ་ཡོད་པ་ཕལ་ཆེར་བརྒྱ་ཆ་དགུ་བཅུ་གོ་དགུ་རེད། རེ་ཟུང་གནས་ཚུལ་ཁག་ཁག་རེད། གནས་ཚུལ་ཡག་པོ་ཞིག་མ་ཤེས་པ་དང་ཧ་མ་གོ་བ། དེ་བཞིན་བསམ་བློ་རྒྱ་ཆེན་པོ་གཏོང་མ་ཐུབ་པ་དེ་འདྲ་ཡོང་སྲིད་པ་རེད། གང་ལྟར་བོད་རིགས་ཡོངས་རྫོགས་བོད་པ་ཡིན་བསམ་པའི་འདུ་ཤེས་གཅིག་གྱུར་རེད་འདུག་ལ་གལ་ཡང་ཆེན་པོ་ཡིན།
དེ་རྒྱ་མི་རིགས་ལ་ངོ་རྒོལ་གྱི་སྐད་ཆ་མིན། རྒྱ་མི་རིགས་ཀྱིས་ཧན་མི་རིགས་ཞེས་ཧན་མི་རིགས་ཀྱི་ཞེན་ཁོག་བྱེད་ཀྱི་འདུག དེ་འོས་པ་རེད། དེ་བཞིན་ང་ཚོ་བོད་པ་ཚོས་ཀྱང་ང་ཚོ་བོད་མི་རིགས་ཞེས་ཞེན་ཁོག་བྱེད་དགོས་ཀྱི་རེད། རྒྱ་མིས་རྒྱ་མིའི་ཞེན་ཁོག་བྱེད་ཆོག་པ་དང་བོད་པས་བོད་པའི་ཞེན་ཁོག་བྱེད་མི་ཆོག་པ་དེ་དྲང་པོ་མ་རེད། ང་ཚོས་བོད་པའི་ཞེན་ཁོག་བྱས་ཏེ་རྒྱ་མིར་ངོ་རྒོལ་བྱེད་ཀྱི་ཡིན་བརྗོད་ཀྱི་མེད། དངོས་གནས་ང་ཚོ་སྤུན་ཟླ་མི་རིགས་ཞེས་པ་དེ་མིང་དོན་མཚུངས་པ་ཞིག་དང་སྤུན་ཟླ་མི་རིགས་གཅིག་གིས་གཅིག་ལ་སེམས་ཐག་ཉེ་པོ་ཡོང་བར་འདྲ་མཉམ་དགོས། རྒྱ་མི་རིགས་ཤིག་ཡིན་ན་ཐོབ་ཐང་ཏོག་ཙམ་མང་བ་ལྟ་བུ་དང་། གྲངས་ཉུང་མི་རིགས་ཤིག་ཡིན་ན་གཤམ་དུ་སྡོད་རྒྱུ་ལྟ་བུ། མི་རིགས་འདྲ་མཉམ་མེད་ན། མཐུན་སྒྲིལ་དང་ཡིད་ཆེས་ཡོང་གི་མ་རེད། ཡིད་ཆེས་མེད་ན་མཐུན་སྒྲིལ་ཡོང་གི་མ་རེད། དེར་བརྟེན་ང་ཚོའི་མི་རིགས་ཀྱི་བདེན་དོན་རྩོད་རྒྱུར་བོད་པ་ཡོངས་ཀྱི་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་ཡག་པོ་འདུག་ལ་དེ་གལ་ཆེན་པོ་ཡིན། དེ་སྔ་ཆོལ་ཁའི་འཐེན་འཁྱེར་དེ་འདྲ་ཡོང་གི་ཡོད་པ་དེ་ནོར་འཁྲུལ་ཡིན། ང་ཚོ་ཆོལ་ཁའི་འཐེན་འཁྱེར་རྩ་བ་ནས་ཤོད་རྒྱུ་མེད། དེ་བཞིན་དུ་ཆོས་ལུགས་མི་འདྲ་བ་ས་དགེ་བཀའ་རྙིང་བོན་ཇོ་ནང་དང་བཅས་པ་ཡོད། བོན་པོར་ཆ་བཞག་ནའང་སྔར་བོད་ལ་ནང་ཆོས་མ་དར་སྔོན་ནས་བོན་པོ་ཡོད་པ་དེ་གནས་ཚུལ་ཁག་ཁག་རེད། ཕྱིས་སུ་སངས་རྒྱས་ཀྱི་ཆོས་བོད་དུ་དར་རྗེས་ང་རང་ཚོའི་ས་གནས་ཀྱི་ཞང་ཞུང་བོན་གྱི་ཆོས་ནང་སངས་རྒྱས་ཀྱི་ལྟ་གྲུབ་མང་པོ་ཞིག་བླངས་ཏེ། ཕྱིས་སུ་ཧ་ལམ་གཅིག་པ་ལྟ་བུ་རེད། དེར་བརྟེན་ང་ཚོ་ཚང་མས་དམ་ཚིག་ལ་རྒྱ་ཆིག་སྒྲིལ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། དཔེར་ན། ཁྱེད་རང་ཚོ་དགེ་འདུན་པ་དང་མི་མང་ནང་ཆོས་བརྒྱུད་མི་འདྲ་བ་ཡོད་ན་ཡང་ཚང་མ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲང་གཅིག་ཆགས་ཡོད་པས་ཚང་མས་ཐུགས་མཐུན་དགོས་རྒྱུ་གལ་ཆེན་པོ་རེད། སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་མང་པོ་བྱེད་རྒྱུ་ཡོད་སྟབས། ང་ཚོས་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག
སངས་རྒྱས་ཆོས་ཞེས་སྐྱབས་སུ་མཆི། ཆོས་ངོ་ཐོག་གང་འདྲ་ཡིན་པ་མ་ཤེས་པར་བྱས་ནས་མང་པོ་ཞིག་དེ་འདྲ་བྱས་ནས་སྡོད་ཀྱི་འདུག་པས་དེ་ནོར་འཁྲུལ་རེད། ཆོས་ལ་སློབ་སྦྱོང་བྱེད་དགོས། ཆོས་ལ་སློབ་སྦྱོང་དགེ་འདུན་པས་མ་གཏོགས་མི་སྐྱ་ཚོས་བྱེད་མི་དགོས་པའི་བག་ཆགས་ཤིག་སྔར་ང་ཚོར་ཡོད། དེ་ནོར་འཁྲུལ་ཡིན། སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་ནས་ནང་ཆོས་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། སྔར་ཡིན་ན་དགོན་སྡེ་རིགས་གཅིག་ལ་ཆོ་ག་ཕྱག་ལེན་བཏོན་པ་མ་གཏོགས་སློབ་གཉེར་བྱེད་མཁན་དེ་ཙམ་མེད་པ་ཞིག་ཡོད། ངོས་རྒྱ་གར་དུ་བསླེབས་རྗེས་སྔར་བོད་ལ་ཡོད་དུས་དམིགས་བསལ་གཞུང་ཆེན་པོར་སློབ་སྦྱོང་བྱེེད་རྒྱུའི་མིག་ལྟོས་མེད་པའི་གྲས་དེ་དག་ལ་རྒྱ་གར་དུ་བསླེབས་ནས་དཔེ་ཆ་ལྟ་དགོས་པ་རེད། སྔ་མོ་སྔགས་གྲྭ་བྱས་ནས་བཤད་གྲྭ་མེད་མཁན་དེ་དག་ཡིན་གཅིག་མིན་གཅིག་དཔེ་ཆ་ལྟ་དགོས་པ་རེད་ཅེས་འབོད་སྐུལ་བྱས་ནས་བཤད་གྲྭ་བཙུགས་པ་རེད། དེ་བཞིན་བཙུན་མའི་དགོན་ཁག་དེ་ཚོས་ཀྱང་ཡིན་གཅིག་མིན་གཅིག་དཔེ་ཆ་ལྟ་དགོས་ཀྱི་འདུག་ཅེས་ནས་ང་ཚོ་རྒྱ་གར་དུ་བསླེབས་ནས་བཙུན་མའི་དགོན་པ་མང་ཆེ་བས་གཞུང་ཆེན་ལྟ་གི་ཡོད། ཁྱེད་རང་ཚོ་བོད་ལ་ཡོད་མཁན་ཚོར་ཆ་བཞག་ནའང་དགོན་སྡེ་ཚང་མས་དཔེ་ཆ་ལྟ་རྒྱུ་གལ་ཆེན་པོ་རེད། བཙུན་མའི་དགོན་པ་ཚོར་ཆ་བཞག་ནའང་ཡིན་གཅིག་མིན་གཅིག་དཔེ་ཆ་བལྟས་ཏེ་སློབ་སྦྱོང་བྱེད་དགོས་རྒྱུ་ཞིག་ངེས་པར་དུ་དགོས། རྒྱ་གར་དུ་དགེ་བཤེས་ཀྱི་དཔེ་ཆ་བལྟས་རྗེས་རྒྱུགས་སྤྲོད་བྱས་མཚམས་དགེ་བཤེས་ཆེ་ཆུང་འཇོག་རྒྱུ་ཡོད། དེ་བཞིན་བཙུན་མའི་དགོན་པའི་ནང་དུའང་དཔེ་ཆ་བལྟས་ནས་ཧ་ལམ་དགེ་བཤེས་མ་འཇོག་རྒྱུའི་མཚམས་ལ་སླེབ་ཡོད། ལོ་མང་པོའི་རིང་ལ་སློབ་སྦྱོང་བྱས་ནས་ཡག་ཐག་ཆོད་འདུག
ཁྱེད་རང་ཚོ་བོད་ནང་རབ་བྱུང་ཕོ་མོའི་སྡེ་གང་ཡིན་རུང་ཡིན་གཅིག་མིན་གཅིག་དཔེ་ཆ་ལྟ་རྒྱུ་དེ་གལ་ཆེན་པོ་རེད། མི་སྐྱ་ཕོ་མོ་ཚོ་ཡིན་ཡང་སློབ་སྦྱོང་ལ་དོ་སྣང་བྱེད་དགོས་པ་དང་བླ་མ་གདན་འདྲེན་ཞུས་ཏེ་གསུང་ཆོས་གནང་རོགས་ཞེས་མིན་པར་དཔེ་ཆ་ཤེས་མཁན་དགེ་བཤེས་དང་མི་སྐྱ་ནང་ཁུལ་ཡིན་ནའང་འདྲ། གང་ལྟར་དཔེ་ཆ་ཤེས་མཁན་དང་མཉམ་དུ་བསྡད་དེ་སངས་རྒྱས་ཆོས་དགེ་འདུན་ཞེས་པ་དེ་གང་འདྲ་རེད། བཅོམ་ལྡན་འདས་ཀྱི་བདེན་བཞིའི་ཆོས་འཁོར་བསྐོར་གནང་ཡོད། བདེན་པ་བཞི་ཞེས་པ་དེ་གང་འདྲ་རེད། ང་ཚོས་ནམ་རྒྱུན་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་རྩ་ཆེན་པོ་བརྩིས་ཀྱི་ཡོད། དེའི་དོན་དག་གང་འདྲ་ཡིན་པ་བསམ་བློ་གཏོང་དགོས། དེ་བཞིན་བཅོམ་ལྡན་འདས་མ་ཞེས་པ་སངས་རྒྱས་ཀྱི་ཡུམ་ལ་བརྗོད་ཀྱི་མེད། ཆོས་དང་རྣམ་འབྱེད་ཀྱི་ཤེར་ཕྱིན་གྱི་ཡོན་ཏན་ཞིག་ལ་ཟེེར་གྱི་ཡོད། དེ་ཚོའི་གྲས་ལ་ང་ཚོས་སློབ་སྦྱོང་བྱས་ནས་ཤེས་དགོས་པ་གལ་ཆེནཔོ་རེད། བཀའ་འགྱུར་བསྟན་འགྱུར་པུ་ཏི་ ༣༠༠ ཙམ་ཡོད་པ་དེ་དག་ལ་ཀློག་དེབ་ཀྱི་འདུ་ཤེས་བཞག་ནས་ལྟ་དགོས་པ་དེ་གལ་ཆེན་པོ་ཡིན། ཁྱེད་རང་ཚོས་མཚམས་རེ་བགྲོ་གླེང་བྱེད་དགོས། དེ་སང་བོད་པ་བཙན་བྱོལ་བ་ཙམ་དུ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒད་པོ་རྒད་མོ་དེ་དག་མཉམ་རུབ་བྱས་ནས་བསྡད་དེ་ནང་ཆོས་བགྲོ་གླེང་བྱས་ནས་གོ་བསྡུར་དེ་འདྲ་བྱེད་ཀྱི་ཡོད། ཁ་སྔོན་ངོས་རང་ལ་དྭགས་སུ་འགྲོ་སྐབས་ཁོང་ཚོས་བགྲོ་གླེང་བྱས་ནས་ལོ་ཁ་ཤས་ཕྱིན་པ་རེད། དེ་འདྲའི་སྲོལ་ལྟ་བུ་གཏོད་དེ་སློབ་སྦྱོང་བྱེད་ཀྱི་ཡོད། ཁ་སྔོན་ངོས་རང་དེར་སླེབས་དུས་ཁོང་ཚོས་ངོས་ལ་རྒྱུགས་འབུལ་ལྟ་བུ་བྱས་བྱུང་། ཧ་ཅང་ཡག་པོ་འདུག དེ་བཞིན་རྡ་སར་ཡང་མང་ཚོགས་སྐྱ་བོ་ཕོ་མོ་ཚོས་དཔེ་ཁྲིད་དང་དཔེ་ཆ་བལྟས་པ་ཙམ་དུ་མ་ཟད། བར་སྐབས་རྡ་སའི་རྒད་པོ་རྒད་མོ་དེ་འདྲ་རྟགས་གསལ་བཏང་ནས་ལོ་ཁ་ཤས་ཕྱིན་པ་རེད། གང་ལྟར་ང་ཚོ་ནང་པ་རེད་ནང་པ་ཡག་པོ་ཞིག་བྱེད་པར་ནང་པའི་ཆོས་ཤེས་དགོས། ནང་པའི་ཆོས་ཤེས་པར་སློབ་སྦྱོང་བྱེེད་དགོས་པ་རེད།
སློབ་སྦྱོང་ཞེས་པ་དེ་ཡིན་གཅིག་མིན་གཅིག་བླ་མ་གདན་འདྲེན་ཞུས་ཏེ་བཀའ་ཆོས་ཞུས་པའི་དོན་དག་མིན། མཉམ་དུ་བསྡད་ནས་བཀའ་འགྱུར་བསྟན་འགྱུར་དེ་དག་ཀློག་སྟེ་ཕན་ཚུན་གཅིག་གིས་གཅིག་ལ་འགྲེལ་བཤད་བརྒྱབ་ནས་གོ་བསྡུར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་ཁ་སང་ངོས་ཀྱིས་བཀའ་ཆོས་སྐབས་བརྗོད་པ་ལྟར། ཤ་ཟ་རྒྱུ་དེ་སྒེར་པ་སོ་སོའི་ལུས་པོའི་འཕྲོད་བསྟེན་ལྟ་དགོས་པ་ཡིན་པར་བརྟེན་ཁྱད་པར་གང་ཡང་མི་འདུག འོན་ཀྱང་དགོན་པའི་སྤྱི་གཞུང་གི་ཐབ་ཚང་ནས་ཤ་གཏོང་རྒྱུ་དེ་དག་རིམ་པས་མེད་པ་བྱས་ན་ཡག་གི་རེད། རྒྱ་གར་ནང་གི་དགོན་སྡེ་ཆེ་ཁག་ཡོངས་རྫོགས་ནས་དགོན་པའི་སྤྱི་ཐབ་ཚང་ནས་དཀར་སྐྱོང་བྱེད་ཀྱི་ཡོད། སྒེར་པ་སོ་སོ་ཤ་བཟས་ན་སོསོའི་རང་དབང་རེད། བོད་པ་ཡིན་ཡང་སྲོལ་དེ་གཏོད་དགོས་ཀྱི་འདུག སྔ་མོ་ཞབས་དཀར་ཚོགསདྲུག་རང་གྲོལ་མདོ་སྨད་ནས་དབུས་ལ་ཕེབས་ཏེ་ལྷ་སར་སྡོད་སྐབས་འབྲས་སྤངས་ཀྱི་དགོན་པ་ཆེན་པོ་དེའི་མདུན་དེར་དག་འབག་གི་བཤས་ར་ལུགས་གསོད་ས་ཞིག་ཡོད། ལྷ་སའི་བྱང་ངོས་ར་མོ་ཆེའི་མདུན་དེར་ལུགས་གསོད་སའི་བཤས་ར་གཅིག་ཡོད། ཁོང་གི་དེ་གཟིགས་ཏེ་དགོན་པ་ཆེན་པོ་ཞིག་གི་མདུན་དེར་སེམས་ཅན་མང་པོའི་སྲོག་གཅོད་ཀྱི་འདུག་དེ་བོད་ཀྱི་རྒྱལ་བ་ཡབ་སྲས་གཉིས་ལ་ཞུ་གི་ཡིན་ཞེས་པའི་རྣམ་ཐར་ནང་འདུག ང་ཚོ་སྔར་ཡིན་ན་འབྲོག་ས་དེ་འདྲ་ལ་རྩམ་པ་ཡང་རག་མ་རག་ཐེ་ཚོམ་རེད། འབྲོག་ས་གཏིང་དེ་འདྲར་རྩམ་པའི་ཚབ་ཏུ་ཕྱུ་ར་ཞིབ་ཞིབ་བཟོས་ནས་ཟ་གི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག དེ་ཚོའི་གྲས་གནས་ཚུལ་ཁག་ཁག་རེད་ལ་ཤ་བཟས་ན་མ་གཏོགས་ཐབས་ཤེས་མེད་པ་ལྟ་བུ་རེད། དེང་སང་གནས་ཚུལ་དེ་དག་ལ་བསྒྱུར་བ་ཕྱིན་ཏེ་ཚལ་དང་འབྲུ་རིགས་མང་དུ་འགྲོ་གི་ཡོད་སྟབས། ག་ཚོད་ཐུབ་ཐུབ་ཀྱིས་དགོན་པ་ཁག་གི་ཚོགས་ཆེན་གྲྭ་ཚང་དེ་དག་ཡིན་གཅིག་མིན་གཅིག་དཀར་སྐྱོང་མ་གཏོགས་དམར་སྐྱོང་མེད་པ་བཟོས་ན། དེ་བཞིན་སབྱིན་བདག་གིས་ཞབས་བརྟན་ལ་གདན་འདྲེན་ཞུ་མཁན་ཡོང་གི་ཡོད། ཞབས་བརྟན་ལ་གདན་འདྲེན་ཞུ་སྐབས་ག་ཚོད་ཐུབ་ཐུབ་ཀྱིས་དཀར་ཟས་བཏང་ན་ཡག་གི་རེད།
གང་ལྟར་ང་ཚོས་མིག་ལྟོས་དེ་འདྲ་བཟོ་དགོས་ཀྱི་འདུག དཔེར་ན་རྒྱ་མིའི་ནང་པ་དེ་དག་གིས་ཤ་ཁྱོན་ནས་བཟའ་གི་མེད། ང་ཚོ་བོད་ཀྱི་དགོན་པའི་ནང་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་ཀྱི་ཡོད། དེ་བཞིན་བྱང་ཆུབ་སེམས་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད་ལ་ཉམས་ལེན་ཡང་བྱེད་ཀྱི་ཡོད། བོད་པ་ཚོས་ཐེག་ཆེན་ཆོས་དང་བྱང་ཆུབ་སེམས་ཉམས་ལེན་བྱེད་ཀྱི་ཡོད་པ་མ་ཤེས་པར་བོད་པའི་གྲྭ་པས་ཤ་བཟའ་གི་འདུག་ཅེས་པའི་མཐོང་ཚུལ་ཡང་ཡོང་གི་འདུག སྤྱི་ཡོངས་ཀྱི་ང་ཚོས་དམར་ཟས་སྤོང་རྒྱུའི་འབད་བརྩོན་བྱེད་དགོས། སྒེར་པ་སོ་སོས་དམར་ཟས་ནའང་ཁྱད་པར་མེད། རྒྱ་མིའི་གྲྭ་པ་ཁ་ཤས་དང་རུབ་རུབ་བྱེད་སྐབས་ཤ་མ་ཟ་བར་སོ་སོ་གཅིག་པུ་ཤ་ཟ་མཁན་དེ་འདྲ་ཡོད་པ་ལྟ་བུ་འདུག དེ་བཞིན་ཆང་ཚོད་མེད་འཐུང་རྒྱུ་མེད། ཁ་སྔོན་བརྗོད་པ་ལྟར། རྩམ་པ་དེ་ལུས་པོར་འཕྲོད་པོ་ཡོད་པས་རྩམ་པ་ཟ་རྒྱུར་དང་དོད་བྱེད་དགོས། ང་ཚོ་མང་ཚོགས་ཚོས་རྩམ་པ་ཟ་མཁན་མང་པོ་བྱུང་ན་ཞིང་པ་ཚོས་འབྲུ་འདེབས་རྒྱུར་དོ་སྣང་བསླེབས་ཀྱི་རེད། སྤྱི་ཡོངས་ང་ཚོ་བོད་པ་ཚོ་ཤེས་ཡོན་དང་ཆོས་ཕྱོགས་ཐོག་ནས་འཛམ་གླིང་འདིའི་སྟེང་དམའ་མི་དགོས་པ་ཞིག་ཡོད་ཀྱང་དེང་དུས་ཀྱི་ཤེས་ཡོན་དེ་ང་ཚོ་རྗེས་ལུས་ཡིན། སློབ་གྲྭ་གཞུང་ནས་འཛུགས་ཀྱི་ཡོད་ལ་ང་ཚོ་བོད་པ་སྒེར་པ་དེ་འདྲ་ནས་ཀྱང་འཛུགས་ཀྱི་འདུག ཡང་སློབ་གྲྭ་ཟུར་དུ་བཙུགས་མེད་ནའང་ཕྲུ་གུ་སློབ་གྲྭར་གཏོང་རྒྱུར་འགྲོ་སོང་གཏོང་མཁན་མེད་པ་དེ་དག་ལ་དངུལ་ཕྲན་བུ་ཡོད་མཁན་ཚོས་རོགས་པ་བྱེད་མཁན་དེ་འདྲ་ཁ་ཤས་ཡོང་གི་འདུག་པས་ཧ་ཅང་ཡག་པོ་རེད། གང་ལྟར་ང་ཚོ་བོད་པ་མི་རབས་གསར་པ་ཡོང་མཁན་དེ་དག་ལ་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཞིག་དགོས། རྒྱ་མི་མང་པོ་ཞིག་གིས་བོད་པ་རྗེས་ལུས་རེད་ཅེས་ནས་མཐོང་ཆུང་བྱེད་ཀྱིའདུག རྒྱ་མིས་ང་ཚོར་མཐོང་ཆུང་བྱེད་སྐབས་མི་རིགས་དང་སྐད་ཡིག་ཐོག་ནས་མཐོང་ཆུང་བྱེད་ཐུབ་ཐབས་མེད།
དེང་དུས་ཀྱི་ཤེས་ཡོན་ང་ཚོར་བོད་པར་ལྟོས་ན་རྒྱ་མི་རིགས་སྔོན་ཐོན་ཆགས་ཀྱི་ཡོད། རྒྱ་མི་ཉི་ཧོང་དང་བསྡུར་ན་རྗེས་ལུས་རེད། ཉི་ཧོང་ཡང་ནུབ་ཕྱོགས་རྒྱལ་ཁབ་ལྟ་བུའི་ཚད་ལ་བསླེབས་མེད། རྒྱ་ནག་ང་ཚོ་བོད་པར་ལྟོས་ན་སྔོན་ཐོན་ཏོག་ཙམ་ཆེ་བ་ཡོད་པ་དེ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གསར་པ་བྱུང་བ་རེད། ཕྱི་ལོ་ཆིག་སྟོང་དགུ་བརྒྱའི་འགོ་སྟོད་ནས་ཕྱི་རྒྱལ་ལ་སློབ་སྦྱོང་དུ་འགྲོ་རྒྱུ་དང་ཕྱི་རྒྱལ་ལ་འབྲེལ་བ་བྱེད་རྒྱུ་དེ་འདྲ་སུན་ཀྲུང་ཧྲེན་ཁོང་ཚོའི་གྲས་དེ་བྱུང་བ་རེད། བོད་པ་དེ་དུས་མགོ་སྦོལ་ནས་བསྡད་ཡོད། དེང་དུས་ཀྱི་ཤེས་ཡོན་ང་ཚོ་རྗེས་ལུས་ཐེབས་ནས་ཡོད་སྟབས། ང་ཚོ་མཐོང་ཆུང་མྱང་དགོས་ཀྱི་ཡོད། དེ་ང་ཚོས་སློབ་སྦྱོང་བྱས་ནས་བསབ་མི་ཐུབ་པ་དེ་འདྲ་རྩ་བ་ནས་མིན། དེ་ང་ཚོས་ཡིན་གཅིག་མིན་གཅིག་བསབ་རྒྱུའི་འབད་བརྩོན་དང་བསམ་བློ་གཏོང་དགོས། ང་ཚོ་བཙན་བྱོལ་དུ་ཕྱི་ལོ་ ༡༩༥༩ ལོར་བསླེབས་ཏེ་ ༡༩༦༠ ལོར་ང་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་སའི་སློབ་གྲྭ་བཙུགས་ནས་ལོ་ལྔ་བཅུ་ཙམ་འགྲོ་གི་ཡོད། ཧ་ལམ་རྒྱ་གར་ནང་ཡོད་པའི་བོད་མི་བཙན་བྱོལ་བ་མི་རབས་གསར་པ་དེ་དག་ཡོངས་རྫོགས་ཧ་ལམ་སློབ་གྲྭ་འགྲིམ་མ་མྱོང་བ་མེད། སློབ་སྦྱོང་གི་ཤེས་ཚད་མཐོ་དམའ་ཡོང་གི་རེད་མ་གཏོགས་སྤྱིར་བཏང་དེང་དུས་ཀྱི་སློབ་སྦྱོང་བྱེད་མ་མྱོང་བ་གཅིག་ཀྱང་མེད། བོད་དུ་ཡིན་ཡང་དེ་དེ་བཞིན་བྱས་ཏེ་སློབ་སྦྱོང་ཐོག་ལ་ངེས་པར་དུ་ཤུགས་རྒྱག་དགོས།
དེ་རིང་ཁ་སང་རྒྱ་ཡིག་གཙོ་བོ་བྱས་ནས་བསླབ་སྟེ་བོད་ཡིག་ལ་གལ་ཆུང་དུ་བརྩིས་རྒྱུའི་རྒྱ་མིའི་གུང་ཁྲན་གྱི་ལས་བྱེད་དེ་དག་གིས་བསམ་བློ་ཏོག་ཙམ་རྣག་པོ་གཏོང་གི་འདུག གང་ལྟར་བོད་ཡིག་ནག་བསུབ་གཏོང་ཐབས་མེད། གཙོ་བོ་བོད་པ་རང་ཉིད་ཀྱིས་བོད་ཡིག་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་ཡིན། དཔེར་ན། ཨ་རིར་བོད་པའི་ཁྱིམ་ཚང་དེ་འདྲ་ནང་སོ་སོ་ཁྱིམ་ཚང་ནང་ཕྲུ་གུ་དང་མཉམ་དུ་དབྱིན་སྐད་བརྒྱབ་པ་ལས་བོད་སྐད་མ་རྒྱག་མཁན་དེ་འདྲ་ཡོང་གི་འདུག ཕྲུ་གུ་དེ་དག་དབྱིན་སྐད་བདེ་པོ་ཡོང་རྒྱུའི་འཕྲལ་སེལ་གྱི་དགོས་པ་ཞིག་ཡོད་རུང་རྩ་བ་ཕྲུ་གུ་དེ་དག་རིམ་པས་དབྱིན་སྐད་ཁོ་ནས་མ་གཏོགས་བོད་ཡིག་ཐ་རེ་འཐོར་རེ་ལས་མ་ཤེས་པ་ཆགས་ན། བོད་པའི་ཚད་ཉིད་ཚང་བ་ཡོང་གི་མེད། དེ་བཞིན་དུ་བོད་ནང་ལ་ཆ་བཞག་ནའང་ཁྱིམ་ཚང་ཁ་ཤས་ཀྱིས་སོ་སོའི་ནང་ལ་ཕྲུ་གུ་རྒྱ་སྐད་བདེ་པོ་ཡོང་ཆེད་རྒྱ་སྐད་གཙོ་བོ་རྒྱག་མཁན་དེ་འདྲ་ཡོང་མི་སྲིད་པ་མིན་ལ་དེ་འདྲ་ཁ་ཤས་འདུག་ཅེས་ངོས་ཀྱིས་གོ་བྱུང་། དེ་ནོར་འཁྲུལ་ཡིན། ཕྲུ་གུ་ཆུང་དུས་ནས་སོ་སོའི་ཕ་མེས་ཀྱི་སྐད་དེ་འཇགས་ཐུབ་པ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་ཡིན། ལྷག་པར་དུ་སློབ་གྲྭ་ནང་རྒྱ་ཡིག་གཙོ་བོ་བྱས་པ་མ་གཏོགས་བོད་ཡིག་གལ་ཆུང་ཆུང་རྩིས་རྒྱུའི་སྲིད་བྱུས་དེ་འདྲ་ཞིག་ཡོང་སྐབས། ཁྱིམ་ཚང་སོ་སོའི་ནང་ལ་བོད་སྐད་གཙོ་དོན་བྱས་ནས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།
བོད་ལ་ཤེས་ཚད་མེད་པ་དང་གཅིག་སེམས་མ་སྐྱིད་པ་དང་གཉིས་དེ་འདྲའི་ཐོག་ནས་མི་སྤྲང་འཁྱམས་བྱས་ནས་སྡོད་མཁན་དེ་འདྲ་མང་པོ་ཡོང་གི་འདུག་ཅེས་བརྗོད་ཀྱིའདུག རྩ་བའི་ཤེས་ཚད་མེད་ཁར་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཡག་པོ་མ་མཐོང་བར་དཔལ་འབྱོར་གྱི་གནས་སྟངས་ཕྲན་བུ་དྲག་ཏུ་འགྲོ་སྐབས། ཤོ་སྦག་དང་མ་ཅང་རྩེད་རྒྱུ་དེ་འདྲ་བར་སྐབས་ཤིག་ནས་གང་ཙམ་ཤུགས་ཆེན་པོ་འདུག་ཅེས་བརྗོད་ཀྱི་འདུག ལྷ་ས་ཁུལ་དང་མདོ་སྨད་ལ་རྒྱན་རྩེད་རིགས་དེ་དག་ལ་དང་དོད་བྱས་ནས་དེ་འདྲ་མང་པོ་ཞིག་ཡོང་གི་འདུག་བརྗོད་ཀྱི་འདུག དེ་ཡག་པོ་མིན་པས་ཁྱེད་རང་ཚོ་བོད་ལ་བསླེབས་རྗེས་མི་གཞན་ལ་ཤོད་དགོས། རྒྱལ་བ་རིན་པ་ཆེས་དེ་འདྲ་ཟེེར་གྱི་འདུག་ཅེས་མ་ཉན་ན་དེ་ག་རེད། ཁྱད་པར་གང་ཡང་མི་འདུག ཉན་མཁན་དེ་འདྲ་ལ་རྒྱལ་བ་རིན་པོ་ཆེས་ཤོ་སྦག་དང་མ་ཅང་བརྒྱབ་ནས་དངུལ་དང་མི་ཚེ་འཕྲོ་བརླག་གཏོང་རྒྱུ་མེད་པ་ཞེས་བརྗོད་ཀྱི་འདུག་ཅེས་བརྗོད་ཅིག སྔ་མོ་ཕྱི་ལོ་ ༡༩༥༠ ལོར་ཆབ་མདོར་བཅིངས་བཀྲོལ་དམག་མིས་དྲག་གནོན་བྱས་མདོ་སྤྱི་ངོ་ལས་དྲག་གནོན་འོག་ཏུ་འགྲོ་སྐབས། ལྷ་སར་མ་ཅང་རྩེད་ནས་ཐུགས་སྤྲོ་བཏང་ནས་བསྡད་ཡོད་པ་རེད། དེ་དུས་ཁམས་ནས་གནས་ཚུལ་ཛ་དྲག་དེ་འདྲ་ཡར་ཡོང་སྐབས་སྔོན་ལ་བཀའ་བློན་ལྷན་རྒྱས་ལ་སྙན་སེང་ཞུ་ས་མི་འདུག་སྐུ་རྩེད་གནང་གི་འདུག་ཅེས་པའི་གནས་ཚུལ་བྱུང་བ་རེད། ང་ཚོས་ཞབས་འདྲེན་ཞུས་ཟིན་པ་རེད། གང་ལྟར་མ་ཅང་རྒྱག་མཁན་དེ་འདྲ་མཚན་ཕྱི་པོ་བར་དུ་སྡོད་ཀྱི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག དེེ་ལྟར་བསྡད་ཚེ་སང་ཉིན་གཉིད་གཅོག་བརྒྱབ་ནས་ལས་ཀར་འཐུས་ཤོར་འགྲོ་གི་རེད། དེར་བརྟེན་རྒྱན་རྩེད་ཤུགས་ཆེན་པོ་རྩེད་རྒྱུ་དེའི་རིགས་རྩ་བ་ནས་ཡག་པོ་མིན། དེ་བཞིན་ཤེས་ཡོན་ཡག་པོ་མེད་སྐབས། དཔལ་འབྱོར་ཡོད་མཁན་རིགས་ཁ་ཤས་ཤིག་གིས་དཔལ་འབྱོར་བཟོ་སྟངས་སྡུག་ཆགས་ཤིག་བྱས་ཏེ་ཞང་ཁང་བཙུགས་ཏེ་གྲོང་གསེབ་ཀྱི་བུད་མེད་ཤེས་ཡོན་མེད་པ་དང་ཧ་མི་གོ་བ་རུབ་རུབ་བཟོས་ནས་གྲོང་ཁྱེར་ནང་ཁྲིད་དེ་ཞང་ཁང་འཛུགས་ཀྱི་འདུག་ཅེས་པ་དེ་འདྲ་གོ་གི་འདུག་བདེན་པ་ཡིན་མིན་མི་ཤེས། ཧ་ལས་པའི་ཐབས་སྡུག་རེད།
ལོ་བཅུུ་གྲངས་ཤིག་གི་གོང་ལ་ངོས་ཀྱི་ངོ་ཤེས་པའི་ཕན་རན་སིའི་མི་ཞིག་ཡོད། ཁོང་ནང་པའི་ཆོས་ཚོགས་ཤིག་ལ་ལས་ཀ་བྱེད་མཁན་རེད། ཁོང་ལྷ་སར་ཕྱིན་རྗེས་ཆེད་མངགས་ངོས་རང་ཐུག་པར་བསླེབས་བྱུང་། ལྷ་སར་དུས་ཚོད་ཏོག་ཙམ་བཏང་ནས་སྡོད་སྐབས་ལྷ་སའི་ནང་ལ་ཞང་ཚོང་མ་དེ་འདྲ་བོད་པའི་བུད་མེད་གྲོང་གསེབ་སློབ་སྦྱོང་རྩ་བ་ནས་མེད་མཁན་དེ་འདྲ་ཞང་ཚོང་མ་བྱས་ནས་བཞག་འདུག དེ་ཚོའི་རིགས་ཀྱི་ན་ཚ་རེག་དུག་གི་ཉེན་ཁ་ཡོད་པ་ཤེས་ཀྱི་མེད་ལ་དེར་སྔོན་འགོག་གང་འདྲ་བྱེད་དགོས་མིན་ཡང་ཤེས་ཀྱི་མེད་པས་ཧ་ལས་པའི་ཉེན་ཁ་འདུག་ཅེས་ངོས་ལ་བརྗོད་བྱུང་། རྗེས་ལ་རྒྱལ་བ་རིན་པོ་ཆེར་བོད་ནས་བསླེབས་པ་དེ་འདྲ་ཐུག་སྐབས་དེའི་སྐོར་བསླབ་བྱ་རྒྱག་རོགས་ཞེས་བརྗོད་བྱུང་། དེར་བརྟེན་དེའི་རིགས་ལ་གཟབ་གཟབ་བྱེད་དགོས། ཕྱོགས་གཅིག་ནས་སྤྱོད་མ་རབས་ཡིན་པ་དང་གཉིས་ནས་རེག་དུག་གི་ན་ཚ་ཡོང་སྐབས་མི་རབས་ནས་མི་རབས་འཇགས་ནས་ཡོང་གི་ཡོད། ཨ་ཕི་རིཀའི་ལུང་པ་འགའ་ཤས་ནང་རེག་དུག་གི་ན་ཚ་ཤུགས་ཆེན་པོ་ཡོད་དུས་མི་རབས་རྩ་ཆད་འགྲོ་རྒྱུའི་ཉེན་ཁ་འདུག དེ་བཞིན་རྒྱ་ནག་ནས་ཞང་ཚོང་མ་དེ་འདྲ་མང་པོ་ཡོང་གི་འདུག་ཅེས་བརྗོད་ཀྱི་འདུག དེ་ཚོའི་གྲས་ལ་ཧ་ཅང་གཟབ་གཟབ་བྱེད་དགོས། ཕན་རན་སི་ནས་ཡིན་པའི་ཨ་ཅག་ཁོང་གིས་བརྗོད་ཀྱི་འདུག རྒྱ་ནག་ནས་ཡར་ཡོང་བའི་རྒྱ་མོ་ཞང་ཚོང་མ་འདུག དེ་ཚོའི་གྲས་ཀྱི་བོད་རིགས་མ་ཤེས་མཁན་དེ་འདྲ་ལ་ན་ཚ་འགོས་རྒྱུའི་ཉེན་ཁ་འདུག་ཅེས་བརྗོད་བྱུང་། དེ་ཚོའི་གྲས་ལ་ཁྱེད་རང་བསམ་བློ་བཏང་ནས་ཤེས་དགོས་པ་ཞིག་ཡིན།
གང་ལྟར་ང་ཚོ་བོད་མི་རིགས་སྡུག་ས་ནས་བཤད་ན་ཆག་འཇིག་གི་མཚམས་སུ་བསླེབས་ཡོད། བོད་མི་རིགས་དེ་འཛམ་གླིང་འདིའི་ནང་གི་མི་རིགས་གལ་ཆེ་བ་ཞིག་ཡིན། གང་ལྟར་དབུས་ཨེ་ཤི་ཡའི་མི་རིགས་གལ་ཆེ་བ་ཞིག་ཆགས་ཡོད། སྔ་མོ་ཆོས་རྒྱལ་ཚོའི་སྐབས་སུ་ཆ་མཚོན་ན། ཤིང་ཅང་དང་ཨབ་གྷན་ནི་སི་ཐན་དེ་ཚོའི་རྒྱལ་བརྒྱུད་ལ་བོད་ཀྱི་ཆོས་རྒྱལ་ཚོས་དབང་བསྒྱུར་ཏེ་ཕལ་ཆེའི་ཤུགས་ཆེན་པོ་ཡོད་ས་རེད། དཔེར་ན། ཤིང་ཅང་ནང་ཏུན་ཧུང་ཞེས་པའི་ཡིག་ཆ་གལ་ཆེན་པོ་བར་སྐབས་རྙེད་པ་རེད། དེ་ཚོའི་གྲས་བོད་ཡིག་རེད། སྔ་མོ་ཏུན་ཧུང་གི་ས་ཁུལ་དེ་འདྲ་ལ་བོད་ཀྱི་ཆོས་རྒྱལ་ཚོའི་ཆབ་འབངས་ཡིན་པ་གསལ་པོ་རེད། གང་ལྟར་ལོ་གཉིས་ཀྱི་གོང་གྷི་གིར་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གཉིས་པ་དེ་དང་ཁོང་གི་རོགས་པ་མཁས་དབང་ཞིག་ངོས་རང་ཐུག་པར་བསླེབས་བྱུང་། ཁོང་གཉིས་ལ་འདྲ་པར་ཞིག་སྟོན་རྒྱུ་འདུག ཁོང་ཚོའི་གྷི་གིར་སི་ཐན་གྱི་ས་ཁུལ་ནང་ནས་ས་འོག་ཐོན་པའི་རོ་སྒམ་ཞིག་གི་ཁའི་རྡོ་ལ་ཨ་མ་ཌྷི་པལྨེ་ཧུ་ཞེས་པའི་དབུ་ཅན་གྱི་ཡི་གེ་རྡོ་འམ་རྫ་ཁོག་སྟེང་བཀོད་ཡོད་པ་ཞིག་འདུག དེ་ལོ་སྟོང་ཕྲག་གཅིག་གཉིས་གོང་གི་གནས་ཚུལ་རེད་ཅེས་བརྗོད་བྱུང་། སྔ་མོ་དེར་བོད་ཀྱི་ནང་ཆོས་ཁྱབ་ཡོད་པའི་རྟགས་མཚན་འདུག ང་ཚོའི་མི་རིགས་དེ་སྐྱོ་པོ་མིན། མི་རིགས་དེ་འདྲ་ཞིག་གི་ཐོག་ནས་སོ་སོ་སྐད་ཡིག་ཀྱང་སྐད་ཡིག་རང་མཚན་པ་ཞིག་ཡིན། དེང་སང་འཛམ་གླིང་འདིའི་སྟེང་སངས་རྒྱས་ཀྱི་ཆོས་གལ་ཆེ་བའི་གྲས་ལ་བསླེབས་ཀྱི་ཡོད། དེ་བསླེབ་རྒྱུ་དེ་ཡང་སངས་རྒྱས་པའི་ཆོས་ཆ་ཚང་བ་ཞིག་བོད་ཡིག་དང་བོད་སྐད་ནང་ཡོད་པ་རེད། སྐད་ཡིག་གཞན་དག་ནང་མེད། དེར་བརྟེན་བོད་ཀྱི་སྐད་ཡིག་དེ་གལ་ཆེན་པོ་ཆགས་ཀྱི་ཡོད།
དེ་བཞིན་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་ཡང་གལ་ཆེན་པོ་ཆགས་ཀྱི་ཡོད། བོད་ཀྱི་སྐད་ཡིག་ནང་པ་སངས་རྒྱས་ཀྱི་བསྟན་པ་དེ་བདག་པོ་རྒྱག་མཁན་ང་ཚོ་བོད་པ་རེད། གཞན་སུ་གཅིག་མེད་པས་སོ་སོའི་མེས་པོས་བཞག་པའི་གཅེས་ནོར་རྩ་ཆེན་པོ་ཡོད་པ་དེ་དུས་ཚོད་གཉན་འཕྲང་འདིའི་སྐབས་ལ་བོད་པས་བདག་པོ་རྒྱག་དགོས་པ་རེད་མ་གཏོགས་གཞན་དག་གིས་བདག་པོ་རྒྱག་མཁན་ཡོང་གི་མ་རེད། ང་ཚོས་སོ་སོའི་མི་རིགས་ཀྱི་རིག་གཞུང་རྒྱ་ཆེ་ལ་གཏིང་ཟབ་པོ་ཡོད་པ་ངོ་ཤེས་པའི་ཐོག་ད་ལྟའི་དུས་ཚོད་འདིར་ཚང་མས་རིག་པ་སྒྲིམ་སྟེ་ཧུར་ཐག་བྱེད་དགོས་པ་ཡིན། རྒྱ་བོད་འབྲེལ་བའི་གནས་ཚུལ་ཁ་སེང་ངོས་ཀྱིས་རིན་པོ་ཆེར་ཞུས་པ་ལྟར་བཀའ་མོལ་ལྷོད་ལྷོད་བྱས་ནས་བྱུང་ཡོད་འགྲོ། ང་ཚོ་མཐའ་གཅིག་ཏུ་མང་གཙོ་ཐོག་འགྲོ་རྒྱུ་དེར་དགོས་པ་དང་རྒྱུ་མཚན་མང་པོ་ཡོད། མང་གཙོའི་ཆ་ནས་བརྩིས་ན་རྒྱ་ནག་གུང་ཁྲན་ཏང་སྟོབས་དང་ལྡན་པ་དེ་དང་ང་ཚོ་བཙན་བྱོལ་བ་ཉུང་ཉུང་འདིར་ཆ་བཞག་ན་ང་ཚོ་གོམ་པ་བརྒྱ་ཕྲག་མང་པོས་སྔོན་ལ་ཕྱིན་ཡོད་པ་རེད། རྒྱ་ནག་གུང་ཁྲན་ཏང་ད་ལྟ་ཞེད་ནས་མང་གཙོའི་ཐོག་འགྲོ་ནུས་ཀྱི་མི་འདུག ང་ཚོ་འདིར་བསམ་པ་རྣམ་དག་ཐོག་ཕྱི་གསལ་ནང་གསལ་བྱས་ཏེ་མང་གཙོའི་ཐོག་འགྲོ་གི་ཡོད། དེ་འཛམ་གླིང་གི་མཐོང་གི་ཡོད་པ་རེད། དེར་བརྟེན་ང་ཚོས་མང་གཙོའི་ཐོག་འགྲོ་རྒྱུ་དེ་ཆབ་སྲིད་ཀྱི་བྱ་བ་གལ་ཆེན་དང་རླབས་ཆེན་པོ་ཞིག་ཡིན། དུས་དང་འཚམས་པའི་བྱ་བ་ཞིག་ཆགས་ཡོད་པས་དེ་དག་ཁ་སྔོན་བཀའ་བློན་ཁྲི་པས་གསལ་བཤད་གནང་ཡོད། ངོས་སེམས་ཤུགས་ཆག་ནས་ངོས་ཀྱིས་བོད་སྤྱི་དོན་བློས་བཏང་བ་དེ་འདྲ་རྩ་བ་ནས་མིན་པས་ཁྱེད་རང་ཚོ་བློ་བདེ་པོ་བྱེད། ངོས་མ་འཆི་བར་དུ་བོད་སྤྱི་པའི་དོན་དག་ནམ་ཡང་བརྗེད་ཀྱི་མ་རེད། ཁྱེད་རང་ཚོས་ངོས་ལ་རེ་བ་རྒྱག་གི་ཡོད། ཁྱེད་རང་ཚོ་བློ་བདེ་པོ་བྱེད། ངོས་ཀྱི་ལུས་པོའི་ཆ་ནས་ཡིན་ནའང་ཁྱེད་རང་ཚོས་མཐོང་གི་རེད། ལོ་བདུན་ཅུ་དོན་དྲུག་བརྒལ་ཡོད་ཀྱང་ལུས་པོ་བདེ་ཐག་ཆོད་ཡོད། ངོས་ཀྱིས་ཁྱེད་རང་ཚོར་རྩེད་མོ་དང་སྦྲགས་གཅིག་བརྗོད་ཀྱི་ཡིན། གང་ལྟར་མཁྲིས་པ་བཏོན་ནས་ལུས་པོ་བདེ་རུ་ཕྱིན་སོང་།
དཔེ་ཆ་བལྟས་ནས་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། རྒྱ་ནག་གི་སྲིད་བྱུས་ཏན་ཏན་འགྱུར་བ་འགྲོ་གི་རེད། ངོས་ཀྱིས་གོང་དུ་བརྗོད་པ་ལྟར་རེད། རྒྱ་མི་བསམ་བློ་ཅན་དེ་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་མཁན་དེ་དག་གིས་ང་ཚོ་བོད་པར་ཧ་ལས་པའི་ཤ་ཚ་དང་རྒྱབ་སྐྱོར་བྱེད་ཀྱི་འདུག རྒྱ་ནག་གཞུང་ལ་སྐྱག་སྣོང་ཡོད་སྟབས་བཀབ་ནས་བཞག་པ་མ་གཏོགས་དངོས་ཡོད་གནས་ཚུལ་ཆ་ཚང་ཞིག་རྒྱ་ནག་མི་མང་གི་ཤེས་པ་ཞིག་བྱུང་ན། གང་ལྟར་ཤེས་ཡོན་ཅན་དེ་དག་གིས་ང་ཚོར་རྒྱབ་སྐྱོར་ཡོད་པ་ཐག་ཆོད་པ་རེད། ང་ཚོས་ཁ་བྲལ་བྱས་ཏེ་རང་བཙན་རྩོད་ཀྱི་མེད་པ་རྒྱ་བོད་གཉིས་ཀར་བློ་འཇོག་ས་དང་གཉིས་ཕན་ཞིག་དགོས་ཀྱི་འདུག་ཅེས་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་པ་དེ་ཏན་ཏན་སྒྲུབ་རྒྱུ་ཞིག་ཡོང་གི་རེད། ང་ཚོ་གཞིས་བྱེས་མཉམ་འཛོམས་བཀྲིས་ལོ་ལེགས་ཤིག་ཏན་ཏན་ཡོང་གི་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད། ཁ་སྔོན་བརྗོད་པ་ལྟར་རྒྱན་ཆས་ལ་དང་དོད་བྱེད་མཁན་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་དགོས་ཀྱི་མེད། དང་དོད་ཤེས་ཡོན་ལ་བྱེད་དགོས་པ་ཞིག་ཡིན། དཔལ་འབྱོར་བསྡུ་འགོད་བྱས་ནས་ཨོ་ཙམ་བྱུང་སོང་ན། ལམ་སེང་བཟའ་རྒྱགས་སྤྱོད་གསུམ་དང་རྒྱན་ཆ་བཟོ་རྒྱུ་དེ་འདྲ་མ་བྱས་པར་ད་དུང་བསྐོར་བ་བརྒྱབ་སྟེ་ངོས་ཀྱིས་བོད་པ་ངོ་ཤེས་པ་དེ་འདྲར་བརྗོད་པ་ཡིན། དངུལ་ཏོག་ཙམ་བཟོ་ཐུབ་ཀྱི་འདུག་ན་ཧྲང་ཧའེ་དང་ཧྲེན་ཀྲན་ལ་ཟ་ཁང་དང་ཚོང་ཁང་ཟིན་ཏེ་དཔལ་འབྱོར་གི་བསྡུ་འགོད་ཏོག་ཙམ་སྤེལ་ཐུབ་པ་བྱུང་ན། དེ་བཞིན་ག་ལེར་ག་ལེར་བཟོ་གྲྭ་དེ་འདྲ་བརྒྱབ་ཐུབ་པ་བྱུང་ན། བོད་པ་རང་ཉིད་ཀྱི་དཔལ་འབྱོར་བསྡུ་འགོད་ཤུགས་ཆེ་ཙམ་བྱེད་ཐུབ་སྟེ། དེའི་ཐོག་ནས་དངུལ་ཏོག་ཙམ་བྱུང་ན་སོ་སོའི་ལུང་པའི་ནང་སློབ་གྲྭ་དང་སྨན་ཁང་འཛུགས་རྒྱུ། ཡང་ཟུར་དུ་སློབ་གྲྭ་འཛུགས་མ་ཐུབ་རུང་ཕྲུ་གུ་སློབ་གྲྭར་འགྲོ་འདོད་ཡོད་པ་དང་གཏོང་འདོད་ཡོད་ཀྱང་མཐུན་རྐྱེན་མ་འདང་བ་དེ་དག་ལ་རོགས་པ་བྱེད་ཀྱི་ཡིན་ན། སོ་སོར་དཔལ་འབྱོར་བཟོས་པ་དང་ལྷན་དེས་བོད་མི་རིགས་སྤྱི་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོང་གི་རེད།
སྔོན་མ་ངོས་ལ་བོད་པ་ཞིག་ཐུག་བྱུང་། ཁོང་གིས་འབྲོག་པའི་ས་ཁུལ་དེང་སང་གྲོང་གསེབ་བཟོས་ཀྱི་འདུག དེས་ཁོར་ཡུག་ལ་ཧ་ཅང་གནོད་ཀྱི་འདུག དེ་བཞིན་བོད་པའི་གོམས་གཤིས་རང་བཞིན་ཐོག་ནས་འཚོ་བ་སྐྱེལ་སྟངས་ཤིག་འཇགས་ཡོད་པ་དེ་འབྲོག་པ་རྣམས་ལ་ཡག་པོ་ཡོད། ལོ་སྟོང་ཕྲག་རིང་ནས་སོ་སོའི་གོམས་གཤིས་ཤིག་འཇགས་ཡོད་པ་དང་། ཁོར་ཡུག་ལའང་ཡག་པོ་ཡོད་པ་རེད་ཅེས་བརྗོད་བྱུང་། གཡག་གི་རྩ་ས་སྐྱས་སྤོས་སྐབས་གཡག་གི་ལྕི་བས་རྩ་ཁ་ལ་ཕན་པ་དང་དེ་བཞིན་གཡག་གི་རྨིག་པས་སྤང་ལ་ཕན་ཐོགས་ཡོད་པ་རེད་བརྗོད་ཀྱི་འདུག དེ་ནས་ངོས་ཀྱིས་སྐད་ཆ་གསར་པ་ཞིག་གོ་བྱུང་། ནག་ཕྱུགས་དེ་དག་ལོ་གཅིག་ལ་ས་ཆ་གཅིག་ལ་བསྡད། དེ་ནས་ས་ཆ་གཞན་ལ་སྤོ་ནས་འགྲོ་གི་ཡོད། རྗེས་སུ་ལས་བྱེད་པས་ས་ཐིག་བརྒྱབ་ནས་ཁྱེད་རང་ཚོའི་སེམས་ཅན་དེར་བཞག་པ་གཞན་དག་ལ་ཕྱིན་ན་འགྲིག་གི་མེད་ཅེས་ཟེར་སྐབས། གཡག་གིས་ངོ་རྒོལ་བྱེད་ཤེས་ཀྱི་ཡོད་པ་ངོས་ལ་བོད་པ་ཞིག་གི་བརྗོད་བྱུང་། ངོས་ཀྱིས་གཡག་གི་ངོ་རྒོལ་གང་འདྲ་བྱེད་ཀྱི་འདུག་ཅེས་དྲིས་པར། ནམ་རྒྱུན་ལོ་རེར་ས་ཆ་འདྲ་མིན་ལ་སྡོད་ཀྱི་ཡོད་པ་དེ་མི་རབས་མང་པོའི་རིང་གོམས་ནས་བསྡད་སྟབས། དེ་ལྟར་མེད་རྐྱེན་གཡག་གི་རྩ་མ་ཟ་བར་ཉལ་ནས་སྡོད་ཀྱི་ཡོད་པ་རེད་དེ་ངོ་རྒོལ་བྱས་པའི་སྐད་ཆ་རེད་ཅེས་བརྗོད་བྱུང་། ངོས་རང་ཡ་མཚན་སྐྱེས་བྱུང་། གང་ལྟར་ཁོར་ཡུག་གི་སྐོར་དེ་ཡང་གནད་འགག་ཆེན་པོ་རེེད་། འབྲོག་ས་མར་སྤོ་རྒྱུ་དེ་ཡང་འཕྲལ་སེལ་དངུལ་ཏོག་ཙམ་ཡོད་པ་དང་། ནམ་རྒྱུན་སྦྲ་གུར་ནང་སྡོད་མཁན་དེ་དག་ཁང་པའི་ནང་སྡོད་སྐབས་ཧོབ་སྟེ་ཚོར་བ་སྐྱིད་པོ་ཡོད་ཀྱང་གང་ཙམ་ཞིག་ནས་དངུལ་རྫོགས་ནས་དངུལ་གསར་པ་བཟོ་མ་ཤེས་པ་དང་སེམས་ཅན་བཙོང་ཟིན་པར་བརྟེན་གང་ཡང་མེད་པར་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བརྗོད་ཀྱི་འདུག རྒྱ་ནག་གུང་ཁྲན་ཏང་གི་བློ་གུ་དོག་པའི་ལས་བྱེད་དེ་དག་གིས་སྲིད་བྱུས་དེ་འདྲ་བཏིངས་སྐབས་བྱེད་ཐབས་གང་ཡང་མི་འདུག་ཀྱང་དེ་ཚོའི་གྲས་ལ་གཟབ་གཟབ་བྱས་ཏེ་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ཡིན། འབྲོག་ས་དེ་དག་མར་སྐྱས་སྤོས་སྟེ་དེར་ས་སྟོང་ལྷག་སྐབས་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག
ཡང་ཁ་སྔོན་ངོས་ལ་མི་གཅིག་ཐུག་བྱུང་ཁོང་ཚོའི་འབྲོག་སར་གཏེར་ཁ་སྔོག་འདོན་བྱེད་རྒྱུ་དེ་འདྲ་ཞིག་བྱུང་སོང་། གཏེར་ཁ་དེ་ཁོར་ཡུག་ལ་གནོད་སྐྱོན་འགྲོ་རྒྱུ་ཞིག་དང་ལྷག་དོན་དེར་ཡུལ་ལྷ་ཞི་བདག་གི་གནས་རི་རྩ་ཆེན་ཞིག་མིན་འགྲོ། དེའི་ཐོག་ནས་མི་མང་ཚོ་མི་བདེ་བ་བྱས་ཏེ་རྫོང་རིམ་པར་སྙན་སེང་ཞུས་པ་ཡིན། རྫོང་རིམ་པའི་རྫོང་དཔོན་གྱི་ལས་བྱེད་པ་ཚོས་རྒྱ་ནག་གི་ཚོང་པ་དང་མཉམ་དུ་ལྐོག་ཟ་རུལ་སུངས་ཀྱི་རྒྱུ་རྔན་སྤྲད་དེ་ཉན་གྱི་མི་འདུག་ དེ་ནས་ཁོང་ཚོ་ཁྲིམས་ཁང་ལ་གཏུགས་ཏེ་ཁོང་ཚོར་ཐོབ་བྱུང་། ཞེས་བརྗོད་བྱུང་། ཡུལ་པ་ཚོས་ཆབ་སྲིད་ཀྱི་གནས་ཚུལ་བྱེད་ཐུབ་ཐབས་མེད་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཐོག་ཡུལ་པ་ཚང་མ་རྡོག་སྒྲིལ་པོ་བྱས་ཏེ་ཡག་པོ་ཞིག་ཡོད་ན། རྒྱུ་མཚན་ལྡན་པ་དང་ཞི་བའི་ཐོག་ནས་ཁྲིམས་མཐུན་གྱི་ས་ཆ་དེར་གཏེར་ཁ་སྔོག་ན་ཁོར་ཡུག་ལ་གནོད་ཀྱི་འདུག་ཅེས་རྒྱུ་མཚན་གྲངས་ནས་ཤོད་ས་ཁ་ཤས་ཡོད་པ་ལྟ་བུ་འདུག དེ་འདྲ་ལ་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག དེ་སྔོན་ལྷ་སའི་རྒྱ་མའི་བརྒྱུད་དེ་འདྲ་ཞིག་གི་འདྲ་པར་ངོས་ཀྱིས་མཐོང་བྱུང་། བཟོ་གྲྭ་གསར་པ་དེ་བརྒྱབ་རྗེས་དེའི་གཡས་གཡོན་གྱི་རི་དྭགས་མང་པོ་ཤི་སོང་བརྗོད་ཀྱི་འདུག གང་ལྟར་ཡུལ་དེ་ནས་མར་ཡོང་བའི་ཆུ་དེ་དག་འབག་བཙོག་ཤོར་བའི་ཆུ་རི་དྭགས་དེ་དག་གིས་བཏུང་ནས་རང་བཞིན་གྱི་ཤི་འགྲོ་བ་དེ་འདྲ་བྱུང་འདུག དེ་དང་དེ་མཚུངས་ས་ཆ་མང་པོར་ཡོང་གི་ཡོད་པ་ལྟ་བུ་འདུག དེ་ཚོའི་གྲས་ལ་དངོས་ཡོད་ཀྱི་གནས་ཚུལ་རྒྱུ་མཚན་ལྡན་པ་ར་སྤྲོད་འཕེལ་རྒྱུ་ཞིག་གི་ངོས་ནས་ས་གནས་ས་ཐོག་དང་གོང་རིམ་གྱི་ལས་བྱེད་དེ་དག་ལ་རྒྱུ་མཚན་བཤད་ན། ཁ་ཤས་ཤོད་ས་ཡོད་པ་ལྟ་བུ་འདུག་པས་ཁྱེད་རང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཡིན།
ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་ཞི་བའི་ངོ་རྒོལ་བྱུང་ཟིན་པ་རེད། རྒྱ་མི་གུང་ཁྲན་གྱིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་བཙོན་དུ་ཚུད་པ་དང་མང་པོ་སྐྱེན་འདས་སུ་གྱུར་བ་དེ་བཞིན་མང་པོ་ཞིག་བརླག་པ་རེད། སྐབས་རེ་ཤེས་ཡོན་གྱི་སྲིད་བྱུས་དེ་འདྲ་ལ་འགོག་རྐྱེན་བྱེད་རྒྱུའི་སྐྱོན་བྱུང་སོང་ཡང་བོད་ཀྱི་ས་ཁུལ་གང་ས་གང་ནས་འདོད་པ་མི་ཁེངས་པ་ཞིག་ཡོད་པ་དེ་འཛམ་གླིང་ཀུན་ལ་གསལ་པོ་བཟོ་ཐུབ་པ་རེད། ལྷག་པར་དུ་རྒྱ་ནག་མི་མང་གིས་བོད་པ་དེ་དག་ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་ཡང་བློ་མ་རང་པ་ཡོད་པ་དང་། དེ་ཡང་རྒྱུ་མཚན་ག་རེ་བྱས་ནས་བསླེབ་པ་རེད་ཅེས་དྲི་བ་དང་དོགས་པ་གསར་པ་བསླེབ་རྒྱུའི་གནས་ཚུལ་ཞིག་བྱུང་བ་རེད། དྲག་རྡུང་བཏང་ནས་ང་ཚོར་སྡུག་བསྔལ་བྱུང་ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་གོ་ཆོད་པ་ལྟ་བུ་བྱུང་འདུག འོན་ཀྱང་དེ་ལྟ་བུའི་གནས་ཚུལ་དེ་ཡང་ཡང་བྱུང་ན་ཡག་པོ་མེད། ཚང་མས་ད་ལྟའི་དུས་ཚོད་འདིར་སློབ་སྦྱོང་ཐོག་ལ་ཤུགས་རྒྱག་དགོས།
དེ་བཞིན་ཁོར་ཡུག་ཐོག་ལ་དོ་སྣང་བྱེད་རྒྱུ་དང་སློབ་སྦྱོང་ཆོས་ཕྱོགས་ཀྱི་ཐོག་ནས་ཆ་བཞག་ན་ང་ཚོ་ཆོས་པ་ཚོས་དཔེ་ཆ་ལྟ་རྒྱུར་དོ་སྣང་བྱེད་རྒྱུ། ཡུལ་པ་རྒན་པ་ཚོས་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དང་ནང་ཆོས་སློབ་སྦྱོང་བྱེད་རྒྱུར་ཤུགས་རྒྱག་དགོས། དེ་བཞིན་དཔལ་འབྱོར་བསྡུ་འགོད་བཟོ་ཐུབ་རྒྱུ་འདུག་ན་ག་ཚོད་ཐུབ་ཐུབ་ཀྱིས་དཔལ་འབྱོར་གྱི་ནུས་པ་རྒྱ་སྐྱེད་དེ་ད་ལྟ་ང་ཚོས་ཤུགས་རྒྱག་ས་དེ་རེད། མུར་མཛོག་སྒོང་ནས་སྐད་རྒྱག་རྒྱུའི་དུས་ཚོད་མིན། ད་ལྟ་ང་ཚོས་ཤེས་ཡོན་དང་དཔལ་འབྱོར་ཐོག་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་འདུག སྤྱིར་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཧ་ལམ་ས་ཡ་སུམ་བརྒྱའི་སྐོར་ཤོད་ཀྱི་འདུག དེའི་ནང་ནས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་གི་འདུག དེར་བརྟེན་བླ་མ་དགེ་བཤེས་ཚོས་ཆོས་དངོས་གནས་འགྲེལ་བཤད་རྒྱག་ཐུབ་མཁན་སོ་སོ་ཡིན་ནའང་ཆོས་ཉམས་ལེན་རྣམ་དག་བྱེད་མཁན་དེ་ཚོའི་གྲས་ག་ཚོད་ཐུབ་ཐུབ་ཀྱིས་རྒྱ་ནག་ནང་ཕྱིན་ཏེ། རྒྱ་མི་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོར་བསམ་པ་རྣམ་དག་སྒོ་ནས་ནང་ཆོས་སློབ་སྦྱོང་སྤྲོད་རྒྱུར་རོགས་རམ་བྱེད་རྒྱུུ་གལ་ཆེན་པོ་རེེད། ཡང་ས་ཁུལ་ཁ་ཤས་ནས་བླ་མ་དགེ་བཤེས་དེ་འདྲ་རྒྱ་ནག་ནང་བསྟན་པའི་དོན་དུ་བསམ་པ་རྣམ་དག་བྱས་ནས་འགྲོ་མཁན་དེ་འདྲ་ལ་ཡང་ཁོ་རྒྱ་དགའ་བླ་མ་རེད་ཅེས་ཤོད་ཀྱི་འདུག རྒྱ་ནག་ནང་ཕྱིན་ཏེ་རྒྱ་མི་གྲོགས་པོ་བཟོས་ཏེ་ནང་ཆོས་བཤད་པ་ཙམ་གྱིས་སྡུག་ཆགས་ཁྱོན་ནས་མིན། དེ་བསྟན་པའི་བྱ་བ་བྱེད་ཀྱི་ཡོད་པར་བརྟེན་ཕན་ཐོགས་ཡོད། ཡང་བླ་མ་རྫུན་མ་དེ་འདྲ་ཡོང་གི་འདུག ཁ་སྔོན་ངོས་ཀྱིས་བརྗོད་པ་ལྟར་ལྷར་མ་ར་ཇ་ཆོས་ཀྱི་རྒྱལ་པོ་ཡིན་བརྗོད་ཀྱི་འདུག ཕྱིས་སུ་ཆོས་ཀྱི་རྒྱལ་པོར་དགོས་རྒྱུ་དེ་སྐྱེེད་དམན་དང་དངུལ་རེད་ཅེས་ཤོད་མཁན་འདུག ཧ་ལམ་ལོ་ཉི་ཤུ་སུམ་ཅུའི་གོང་ལ་རེད། རྒྱ་མི་ཞིག་གིས་ངོས་ལ་དེ་འདྲ་བཤད་བྱུང་། དེང་སང་ཡིན་ཡང་བླ་མ་རྫུན་མ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་དེ་ང་ཚོ་མང་ཚོགས་ནས་ཤེས་དགོས་པ་རེད། རྒྱ་ནག་ནང་ཕྱིན་ཏེ་སྐྱག་རྫུན་གང་ཙམ་བཤད་རྗེེས་དངུལ་ཏོག་ཙམ་བྱུང་བ་དེ་སོ་སོའི་ཁང་པ་རྒྱག་རྒྱུ་དང་རླངས་འཁོར་ཉོ་རྒྱུ་དེའི་རིགས་དེ་ནོར་འཁྲུལ་རེེད། དེར་བརྟེན་ང་ཚོ་བོད་པ་རང་ཉིད་ཀྱིས་སྤས་དག་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཁ་སྔོན་ངོས་ཀྱིས་བརྗོད་པ་ལྟར་ལག་པ་མགོ་ལ་བཞག་ནས་ཁྱེེད་རང་ཚོའི་རྒྱུད་ལ་རྟོགས་པ་སྐྱེ་རྒྱུ་མེད། རྒྱུད་ལ་རྟོགས་པ་སྐྱེེ་ཞེས་པ་དེ་ངོས་ཀྱིས་བརྗོད་པ་དེ་ངེས་ནས་བསམ་བློ་གཏོང་དང་རིམ་པས་རྟོགས་པ་སྐྱེ་རྒྱུུ་ཞིག་ཡོང་གི་རེད། ལམ་སེང་རྟོགས་པ་མ་སྐྱེས་ཀྱང་སེམས་སྐྱིད་པ་དང་ལུས་བདེ་བ་མི་ཚེ་རིང་བ་ཡོང་གི་རེད། བཀྲིས་བདེ་ལེགས་ཞེས་བཀའ་སློབ་སྩལ་ཡོད་པ་བཅས།