༢༠༡༧ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨིན་ཡུལ་རྒྱལ་ས་ལོན་ཌོན་ London དུ་རྟེན་གཞི་བྱས་པའི་འཛམ་གླིང་ནང་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་བྷི་བྷི་སི་ BBC World གསར་ལས་ཁང་གི་མགྲོན་འབོད་ལྟར་ཕེབས་ནས་ཚན་པའི་ལས་རིམ་གཙོ་སྐྱོང་བ་ལྕམ་སྐུ་ཡལ་ད་ཧ་ཀིམ་ Yalda Hakim ལགས་ཀྱིས། The Impact ཤུགས་རྐྱེན། ཞེས་པའི་ལས་རིམ་ནང་དྲི་བ་ཁག་གཅིག་ལ་ལན་འདེབས་གནང་འདུག
གསར་འགོད་པ། བོད་ནང་རྙོག་གྲ་འདྲ་མིན་བཟོ་མཁན་ཁྱེད་རང་རེད། ཅེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་འདུག
སྲིད་སྐྱོང་མཆོག དེ་བདེན་པ་རེད། ཁོ་པ་ཚོས་ང་ལ་བརྒྱ་ཆ་བརྒྱ་ནས་བརྒྱ་ཁ་བྲལ་བ་རེད། བོད་དང་བོད་མིར་ཕན་པའི་ལས་དོན་སྣ་གཅིག་ཀྱང་བྱེད་མེད། ཅེས་བཤད་ཡོད། གལ་ཏེ་བརྒྱ་ཆ་ ༩༩ ལབ་ཡོད་ནའང་ང་ལ་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་བརྒྱ་ཆ་ ༡ ལྷག་རྒྱུ་རེད། གོ་སྐབས་དེ་ཙམ་ཞིག་ཀྱང་མ་སྤྲད་པ་རེད། འོན་ཀྱང་ངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཐབས་ཆེད་འབད་བརྩོན་ཞུ་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་རྒྱ་ནག་གཞུང་གིས་གྲོས་མོལ་ཡོང་ཐབས་ཆེད་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད། ལངས་ཕྱོགས་འདི་ནི་རྒྱུ་མཚན་ལྡན་པ་ཞིག་དང་། འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱས་པ་ཞིག་ཡིན།
གསར་འགོད་པ། གྲོས་མོལ་ཡོང་གི་འདུག་གམ།
སྲིད་སྐྱོང་མཆོག སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་ ༢༠༡༠ ཟླ་ ༡ ནང་གྲོས་མོལ་མཐའ་མ་དེ་བྱུང་རྗེས་ད་བར་ལོ་ ༧ ལྷག་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་བྱུང་མེད། ང་ཚོའི་རེ་བར་བོད་ཀྱི་གནད་དོན་དེ་ཞི་བའི་ལམ་ནས་གསལ་ཐུབ་རྒྱུ་དེ་ཡིན།
གསར་འགོད་པ། རྒྱ་ནག་གཞུང་གིས་ཁྱེད་རང་དང་ཐུག་ནས་སྐད་ཆ་བཤད་རྒྱུར་མོས་མཐུན་བྱེད་ཀྱི་མེད།
སྲིད་སྐྱོང་མཆོག ཁོ་པ་ཚོས་ང་དང་ཐུག་རྒྱུ་རེད་བསམ་པ་དྲན་གྱི་མིན་འདུག འོན་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་མཇལ་འཕྲད་ཞུ་དགོས། ཁོང་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མ་ཟད། འཛམ་གླིང་ནང་གུས་བཀུར་ཧ་ཅང་ཞུ་ཡུལ་གྱི་དབུ་ཁྲིད་ཅིག་ཀྱང་ཡིན།
སྤྱིར་སྲིད་འཛིན་བྷ་རག་ཨོ་བྷ་མ་ལྟ་བུར་མཚོན་ན་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་སྐབས་ཨི་རཱན་ Iran དང་ཁུ་བྷ་ Cuba ལྟ་བུའི་གནད་དོན་མགོ་རྙོག་ཅན་རིགས་སེལ་ཐབས་གནང་ཡོད། སྲིད་འཛིན་ཞི་ཅིན་པིང་ལ་མཚོན་ནའང་ད་ཆ་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་སྐབས་ཡིན་སྟབས། བོད་ཀྱི་དཀའ་ངལ་འདི་ལས་སླ་པོའི་ཐོག་ནས་སེལ་ཐུབ་རྒྱུའི་གནད་དོན་ཞིག་ལ་ངོས་འཛིན་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། སྲིད་འཛིན་ཞི་ཅིན་པིང་གི་ཡབ་དམ་པར་མཚོན་ནའང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་མཆོག་དང་ཐུགས་འདྲིས་ཧ་ཅང་ཉེ་ཤིང་། བོད་ཀྱི་གནད་དོན་ཐོག་ལའང་རྒྱུས་མངའ་ཧ་ཅང་ཡོད་མཁན་ཞིག་ཡིན། དེར་བརྟེན་སྲིད་འཛིན་ཞི་ནས་ཀྱང་རང་གི་ཕ་དམ་པའི་ཤུལ་དེ་ཕ་ཤུལ་བུས་འཛིན་ཟེར་བ་ལྟར་གནང་ཐུབ་པའི་རེ་བ་བྱེད་བཞིན་ཡོད
གསར་འགོད་པ། རྒྱལ་སྤྱིའི་ནང་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཆུང་དུ་འགྲོ་བཞིན་པའི་ཚོར་སྣང་འདུག་གམ།
སྲིད་སྐྱོང་མཆོག རྒྱ་ནག་གཞུང་དང་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུ་བོད་ཀྱི་གནད་དོན་ཙམ་མ་ཟད། སྤྱིར་སྟངས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་སོགས་ཀྱི་ནུས་པ་ཧ་ཅང་ཉམས་གུད་དུ་འགྲོ་བཞིན་འདུག ད་ཆ་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ ཐོག་སྲིད་འཛིན་ཞི་ཅིན་པིང་གིས་དུས་རབས་གསར་པའི་སྐབས་འདིར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསྐྲུན་རྒྱུ་ཡིན་ཟེར་སྐབས། མང་གཙོ་དང་གུ་ཡངས་ཀྱི་སྤྱི་ཚོགས། སྨྲ་བརྗོད་རང་དབང་དང་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་སོགས་ཡོང་ཐབས་རྩ་བ་ནས་མེད་པ་མ་ཟད། དབང་ཆ་ཡོངས་རྫོགས་ཆབ་སྲིད་ཚོགས་པ་གཅིག་གིས་གཅིག་བསྡུས་བྱ་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད། རྒྱ་ནག་གཞུང་གིས་སྲིད་གཞུང་གཞན་དང་འབྲེལ་བ་བྱེད་སྐབས་ཆ་རྐྱེན་དེ་དག་འདོན་བཞིན་ཡོད། དུས་རབས་གསར་པ་ཟེར་བའོ་གོ་དོན་ནི། རྒྱལ་སྤྱིའི་སྡིངས་ཆ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་དགོས། དེར་བརྟེན་གདོང་ལེན་བྱ་དགོས་པའི་གནས་སྟངས་འདི་རེད།
རྒྱུ་མཚན་དེར་བརྟེན་ང་རང་ཉེ་ཆར་ཨོ་གླིང་དང་ནིའུ་ཛི་ལེནྜི། ཌེན་མག ནོར་ཝེ་སོགས་སུ་བསྐྱོད་པ་ཡིན། འོན་ཀྱང་ཁོང་ཚོས་བོད་དོན་སྐོར་དང་འགྲོ་བ་མིའི་ཐོབ་ཐང་། མང་གཙོའི་སྐོར་སྐད་ཆ་བཤད་འདོད་གནང་གི་མིན་འདུག སྲིད་གཞུང་ཁག་གིས་རིན་ཐང་དེ་དག་ལ་དང་བླངས་ཐོག་ནས་དམ་བསྒྲགས་བྱེད་པ་མཐོང་སྐབས་འཇིགས་སྣང་སྐྱེ་དགོས་པ་ཞིག་འདུག
གསར་འགོད་པ། དེ་ནི་སྲིད་གཞུང་དེ་དག་གིས་རྒྱ་ནག་དང་ཚོང་འབྲེལ་ལ་དོ་ཕོག་འགྲོ་རྒྱུ་རེད་བསམ་པའི་སེམས་འཁྲལ་བྱེད་བཞིན་པར་བརྟེན་ནས་ཡིན།
སྲིད་སྐྱོང་མཆོག དེ་ག་རང་རེད། གལ་ཆེ་ཤོས་ང་ཚོས་རྒྱ་ནག་དེ་གུ་ཡངས་མང་གཙོ་ཅན་ཞིག་ཏུ་བསྒྱུར་རྒྱུ་ཡིན་ནམ་ཡང་ན་ང་རང་ཚོ་རང་ཉིད་རྒྱ་ནག་ལྟ་བུ་ཆགས་རྒྱུ་ཡིན། ཞེས་པའི་དྲི་བ་འདི་རེད། ང་ཚོར་འདམ་ཁ་དེ་གཉིས་ལས་མེད། ང་ཚོས་རང་གི་ལྟ་གྲུབ་ལངས་ཕྱོགས་བརྟན་པོར་འཛིན་དགོས། སྤྱིར་སྟངས་ཚོང་གི་རང་དབང་ཡོད་སྟབས་རྒྱ་ནག་དང་ཚོང་འབྲེལ་ངེས་པར་དགོས། འོན་ཀྱང་རིན་ཐང་དེ་དག་ཕམ་ཚོང་བྱས་ན་འཚམས་པོ་ཞིག་གཏན་ནས་མེད།
གསར་འགོད་པ། རྒྱ་ནག་གི་དར་གོས་ཚོང་ལམ་གསར་པ་ཟེར་བའི་ལས་གཞི་དེའི་ནང་རྒྱལ་ཁབ་མང་པོ་ཞིག་གིས་མཉམ་ཞུགས་བྱས་ཡོད།
སྲིད་སྐྱོང་མཆོག འདི་བདེན་པ་རེད། འོན་ཀྱང་འགྲོ་བ་མིའི་རིན་ཐང་ཕམ་ཚོང་བྱ་མི་རུང་།
དར་གོས་ཚོང་ལམ་གསར་པ་ཟེར་བའི་ལས་གཞིའི་ནང་རྒྱལ་ཁབ་ ༦༠ ཙམ་ཡོད། དེར་ཁྱད་གང་ཡང་མིན་འདུག འོན་ཀྱང་བོད་མི་ཚོར་མཚོན་ན། ང་ཚོའི་རྒྱལ་ཁབ་ཤོར་སྟངས་དེ་ལས་གཞི་དེ་ལྟར་འོག་ནས་ཤོར་བ་རེད། ལས་གཞི་གསར་པ་འདི་ཡག་པོ་རེད། འོན་ཀྱང་འགྲོ་བ་མིའི་རིན་ཐང་གཞི་རྩར་འཛིན་པའི་ལྟ་གྲུབ་དེར་ལངས་ཕྱོགས་བརྟན་པོར་འཛིན་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས་ཆ་རྐྱེན་དེར་ངོས་ལེན་བྱེད་འཇུག་དགོས། རྒྱ་ནག་གཞུང་གིས་བོད་ནང་ལམ་བཟོར་བསྙད་ནས་བཙན་འཛུལ་བྱས་པ་རེད། ཐོག་མར་དངུལ་གྱིས་བསླུས་པ་རེད། དངུལ་དཱ་ཡན་བཟོ་རྒྱུའི་བཟོ་གྲྭ་ཚུན་ཆད་ཁྲིན་ཏུར་བརྒྱབ་ཡོད་སྟབས་རྒྱ་ནག་གཞུང་གིས་དང་པོ་ལམ་བཟོས། དེ་ནས་དམག་མི་བསླེབས་ཏེ་བོད་ས་བཙན་བཟུང་བྱས་ཡོད། དེར་བརྟེན་དེང་སྐབས་རྒྱ་ནག་གཞུང་གི་ལས་གཞི་གསར་པ་དེར་རྒྱལ་ཁབ་ཁག་གཅིག་གིས་དང་ལེན་གནང་བ་ཡག་པོ་རེད། འོན་ཀྱང་འགྲོ་བ་མིའི་རིན་ཐང་ཕམ་ཚོང་བྱེད་ན་འཚམས་པོ་མེད།
གསར་འགོད་པ། དེང་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་རྒྱལ་ཡུལ་གྲུའི་ནང་གི་མཛད་འཆར་ཁག་ཉུང་འཕྲི་མཛད་པའི་གནས་ཚུལ་གོ་ཐོས་བྱུང་། དེར་བརྟེན་བོད་དོན་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་རྒྱུའི་ལས་འགན་གཙོ་བོ་ཁྱེད་རང་ཐོག་བབས་ཡོད་པ་འདྲ།
སྲིད་སྐྱོང་མཆོག ཁོང་གི་མཛད་འཕྲིན་གྱི་ཆ་ཕྲ་མོ་ཙམ་ཡང་ང་ལྟ་བུས་བསྒྲུབ་ཐུབ་ཐབས་བྲལ། འདི་ནི་ལས་འགན་ཧ་ཅང་ལྕི་མོ་ཞིག་ངའི་ཐོག་བབས་པ་རེད། ཉེ་ལམ་༸གོང་ས་མཆོག་ནས་ཕྱི་རྒྱལ་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་སྩོལ་སྐབས་ང་ལ་༸གོང་ས་མཆོག་གི་ཚབ་ཞུས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་འགྲོ་དགོས་པའི་བཀའ་ཕེབས་པ་ལྟར་ངས་དེ་ལྟར་བཀའ་གསུང་དང་ལེན་ཞུ་རྒྱུ་ཡིན། འོན་ཀྱང་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་སྟབས་རྒྱལ་ཁབ་འདྲ་མིན་ནང་མཛད་འཕྲིན་རྒྱ་ཆེ་བསྐྱང་གནང་མཛད་རྒྱུ་རེད། ཁོང་ནི་རྒྱལ་སྤྱིའི་སྟེང་བོད་མིའི་མགྲིན་ཚབ་པ་དང་བོད་མིའི་མཚོན་རྟགས་གཙོ་བོ་ཆགས་ཡོད།
གསར་འགོད་པ། དེ་རིང་ང་ཚོའི་ལས་ཚན་ནང་ཕེབས་ནས་བསམ་ཚུལ་གསུང་པར་ཐུགས་རྗེ་ཆེ།
སྲིད་སྐྱོང་མཆོག ཐུགས་རྗེ་ཆེ། ཡལ་ད་ཁྱེད་རང་སླར་ཡང་མཇལ་རྒྱུ་བྱུང་བར་དགའ་པོ་བྱུང་། ཞེས་བཅར་འདྲིའི་ལས་རིམ་གྲུབ།
དེ་ཡང་ཐེངས་འདིར་བྷི་བྷི་སི་གསར་ལས་ཁང་ནང་སྐར་མ་ ༦ རིང་དྲི་བ་དྲིས་ལན་གྱི་ལས་རིམ་ཡོངས་སུ་ལེགས་གྲུབ་རྗེས་དེ་ཉིན་སྲིད་སྐྱོང་མཆོག་ལྡི་ལིར་ཕེབས་ཐོན་གནང་ནས་ཁུལ་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ Australian parliamentary delegation རྣམས་དང་ལྷན་ཉིན་གུང་ཞལ་ལག་ལྷན་བཞེས་གནང་ཡོད་པ་བཅས།།