༢༠༡༧ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཉི་མ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སི་མ་ཡེལ་ Smile foundation ཞེས་པའི་ཉམ་ཐག་བྱིས་པ་སྲུང་སྐྱོབ་ཚོགས་པས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་ཕྱི་ཚེས་ ༡༩ ཉིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཐེབས་རྩ་ཁང་ལ་ཞལ་འདེབས་ཧིན་སྒོར་འབུམ་ ༡༢༥ གསོལ་སྩལ་མཛད་ཅིང་ལོ་རེར་ཧིན་སྒོར་འབུམ་ ༢༥ བཅས་ཁྱོན་ལོ་ལྔའི་བར་མུ་མཐུད་གསོལ་སྩལ་མཛད་གཏན་འཁེལ་འདུག
གོང་ཚེས་ཉིན་༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལི་ཧོ་ཛ་ཀ་སི་ NCUI auditorium in Hauz Khas ཞེས་པའི་ས་གནས་སུ་བྱིས་པ་ཉམ་ཐག་སྟོང་ཕྲག་བརྒལ་བར་ཀུན་ཁྱབ་འགན་ཁུར་སྐོར་བཀའ་སློབ་སྩལ་བ་དང་།
སྐབས་དེར་མགོན་པོ་གང་ཉིད་ནང་པའི་དགེ་སློང་ཞིག་ཡིན་སྟབས་ཕྲུ་གུའི་ཕ་ནམ་ཡང་ཆགས་ཐབས་མེད་ཀྱང་བྱིས་པར་ཐུགས་ཧ་ཅང་མཉེས་པོ་ཡོད་སྐོར་བཀའ་སློབ་སྩལ་བ་དང་སྦྲགས། དབུལ་ཕྱུག་དབར་བར་ཁྱད་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་གཟིགས་སྐབས་ཐུགས་འཚབ་ཧ་ཅང་ཡོང་བཞིན་པ་དང་། བར་ཁྱད་དེ་དག་ཉུང་དུ་གཏོང་ཆེད་བྱིས་པ་ཉམ་ཐག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་སྤྲད་པ་བརྒྱུད་འདྲ་མཉམ་བཟོ་ཐུབ་རྒྱུ་ཡིན་སྐོར་སོགས་བཀའ་སློབ་སྩལ་དོན།
འདྲ་མཉམ་གྱི་སྤྱི་ཚོགས་སྐྲུན་རྒྱུའི་ཐབས་ལམ་ཉག་གཅིག་ནི་ཤེས་ཡོན་གྱི་གོ་སྐབས་སྤྲད་རྒྱུ་དེ་ཡིན། བྱིས་པ་ཉམ་ཐག་ཚོས་སྤོབས་པ་ནམ་ཡང་ཞུམ་མི་རུང་། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། རིགས་མཆོག་དམན་གྱི་ལམ་ལུགས་དེ་ད་ཆ་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་རྙིང་པ་ཞིག་ཆགས་ཡོད། དེར་བརྟེན་རིགས་ལ་བརྟེན་ནས་མི་ཕན་ཚུན་མཆོག་དམན་དབྱེ་འབྱེད་བྱ་རྒྱུ་དེ་ཧ་ཅང་ཐབས་སྐྱོ་པོ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཤན་ཏཱ་ནུ་མིཤྲ་ Shantanu Mishra ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེབས་རྩ་ཁང་ལ་ཞལ་འདེབས་གསོལ་སྩལ་མཛད་པ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཚང་མས་༸གོང་ས་མཆོག་གི་བཀའ་སློབ་སྩལ་བ་དེ་དག་རང་གི་མི་ཚེའི་ནང་གང་ཐུབ་ལག་ལེན་ཡོང་ཐབས་ཆེད་འབད་བརྩོན་བྱེད་དགོས་གལ་སྐོར་གསུངས།
དེ་ཡང་ཚོགས་པ་དེ་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་དམིགས་ཡུལ་གཙོ་བོ་ནི་བྱིས་པ་ཉམ་ཐག་མགོན་མེད་སྐྱབས་མེད་རྣམས་དང་བུད་མེད་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་ཙམ་མ་ཟད། འཕྲོད་བསྟེན་དང་། འཚོ་བའི་མདུན་ལམ་ལ་དམིགས་ནས་ལག་ཤེས་ཀྱི་སློབ་སྦྱོང་སོགས་སྤྲོད་བཞིན་ཡོད་འདུག ཚོགས་པ་དེས་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ ༢༥ ནང་གི་གྲོང་གསེབ་སྐྱོ་བོ་གྲངས་ ༩༥༠ གཙོ་བོར་གྱུར་བའི་ས་ཁུལ་གཞན་ཁག་གཅིག་བཅས་ཀྱི་ནང་ལོ་ལྟར་ལས་འཆར་འདྲ་མིན་ཁག་ ༢༠༠ བང་སྒྲིག་སྟེ་ཉམ་ཐག་བྱིས་པ་དང་ཁྱིམ་ཚང་གྲངས་ ༤༠༠ ༠༠༠ ལ་ཕན་ཐོགས་གནང་མུས་ཡིན་འདུག།