ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་རྡ་ས་ནས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་རྡ་སྟེང་བོད་ཁྱིམ་སློབ་སྡེ་ཁག་གི་སློབ་སྤྱི་དང་དགེ་ཆེའི་ཚོགས་འདུ་འཚོག་བཞིན་པ་དེར་ཆེད་ཕེབས་ཀྱིས་ཤེས་ཡོན་སྲིད་བྱུས་དང་། འདི་ལོའི་ཤེས་ལྷན་གྱི་གྲོས་ཆོད་ལག་བསྟར་དང་མཇུག་གནོན་གནང་ཕྱོགས། བྱིས་པའི་ཀློག་རྩལ་ལས་གཞི་དང་འབྲེལ་བའི་སྐོར་གསུང་བཤད་གནང་།
དེ་བཞིན་འདི་ལོའི་ཕྱི་ཟླ་བཅུ་གཉིས་ཟླ་མཇུག་ལ་བོད་པའི་དགེ་རྒན་ ༣༠༠ མ་ཟིན་ཙམ་ལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་སློབ་གྲྭར་ཉིན་གྲངས་གཉིས་རིང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ཐོག་ཟབ་སྦྱོང་གོ་སྒྲིག་གནང་གཏན་འཁེལ་བར་བརྟེན། སྔོན་འགྲོའི་གྲ་སྒྲིག་ཆེད་ཕེབས་གནང་བ་དང་། དེའི་སྐབས་ཕྱི་ཚེས་ ༡༤ ཉིན་ལྷོ་ཕྱོགས་སེར་བྱེས་སློབ་གྲྭར་བྱིས་པའི་ཉིན་མོ་སྲུང་བརྩིའི་ལས་རིམ་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར་ཕེབས་ཏེ་ལས་རིམ་ལྟར་སེར་བྱེས་སློབ་གྲྭའི་སློབ་མའི་ཁོངས་ནས་དཔེ་དེབ་མང་ཤོས་ཀློག་མཁན་དང་། ཀུན་སྤྱོད་ལེགས་ཤོས་བཅས་ཀྱི་སློབ་མར་བྱ་དགའ་གནང་གྲུབ་བསྟུན་བྱིས་པའི་ཉིན་མོར་གསུང་བཤད་གནང་། ཕྱི་ཚེས་ ༡༨ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་བཅས། །