༢༠༡༡ ཟླ་ ༡ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་ཝར་ཎར་རྟེན་གཞི་བྱས་པའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་མདུན་གྱི་གླིང་ཁའི་ནང་དཔེ་དེབ་ཁག་གཅིག་དབྱིན་ཧིན་གཉིས་ནང་བསྒྱུར་ཡོད་པ་རྣམས་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཐོག་མགོན་པོ་གང་ཉིད་མཆོག་བཞུགས་གནས་ཕོ་བྲང་ནས་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས་གྲུབ་མཚམས་དགེ་ལྡན་ཁྲི་པ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། དེ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་དང་བཀའ་བསྟན་དབྱིན་ཧིན་ནང་བསྒྲུར་མཁན་གྱི་མི་སྣ་རྣམ་པ། དེ་བཞིན་གདན་ས་ཁག་གཅིག་མཁན་བླ་སྤྲུལ་རྣམ་པ། ཕྱི་རྒྱལ་དང་རྒྱ་གར་གྱི་གནད་ཡོད་མི་སྣ། དད་ལྡན་མང་ཚོགས་ ༧༠༠༠ བརྒལ་བའི་དབུས་སུ་གདན་ཞུ་ལྟར་༸ཞབས་སོར་འཁོད་རྗེས་ཐོག་མར་prof.Rober Thurman སློབ་དཔོན་རོ་བར་ཐུ་མན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྔོན་ལ་གོང་དུ་བཀའ་བསྟན་བཅོས་བསྒྱུར་རྒྱུའི་སྐོར་ལ་འབྲེལ་ཡོད་ཁྱེད་རང་ཚོ་མཁས་དབང་ཉམས་མྱོང་ཅན་རྣམས་གོ་བསྡུར་བྱེད་སྐབས་དེ་རིང་སྔ་དྲོ་ཁྱེད་རྣམས་དང་ངོས་རང་ཐུག་རྒྱུུའི་གོ་སྐབས་བྱུང་བ་རེད། ཁྱེད་རང་ཚོ་ཚང་མས་སེམས་ཤུགས་བསྐྱེད་དེ་བཀའ་བསྟན་བཅོས་བསྒྱུར་རོ་ཅོག་བོད་སྐད་ནང་ཡོད་པའི་གྲས་དེ་དག་ཆ་ཚང་བསྒྱུར་ཐུབ་རྒྱུའི་འདུན་པ་བསྐྱེད་པ་ལྟར་འབད་བརྩོན་ལོ་བསྟུད་ནས་བྱས་པར་ཐུགས་རྗེ་ཆེ་ཟེར་གྱི་ཡིན།
དེ་དང་ཆབས་ཅིག་དེ་རིང་སྔ་དྲོ་ང་ཚོ་བཀའ་མོལ་བྱུང་བ་ལྟར། འཛམ་གླིང་འདིའི་སྟེང་གི་ནང་པའི་ཡུལ་གྲུ་ཁག་ནང་ལ་རྒྱལ་བའི་གསུང་རབ་ད་ལྟ་བོད་ཡིག་ནང་མེད་པ་དེ་འདྲ་འགའ་ཤས་ཡོད་པ་ལྟ་བུ་འདུག དེ་ཚོའི་གྲས་བོད་ཡིག་ནང་བསྒྱུར་རྒྱུ་ཞིག་བྱུང་ན། མ་རྩ་ལྟ་བུ་ཞིག་བོད་ཡིག་ནང་ཆ་ཚང་ཡོད་པ་རེད། དེའི་ཐོག་མ་ཚང་བ་དེ་དག་ཁ་སྐོང་སྟེ་འཛམ་གླིང་འདིའི་སྟེང་ལ་ཡོད་པའི་རྒྱལ་བའི་བཀའ་ཡོངས་སུ་རྫོགས་པ་བོད་ཡིག་ནང་ཚང་ཐུབ་པ་ཞིག་བྱུང་ན། ད་ལྟ་པ་ལིའི་ནང་ཡོད་པ་བོད་སྐད་ནང་མེད་པ། དེ་བཞིན་རྒྱ་ཡིག་ནང་ཡོད་པ་བོད་སྐད་ནང་མེད་པ་དེ་འདྲ་ཏན་ཏན་ཡོད་པ་ལྟ་བུ་རེད། དེ་དག་གྲས་ཏེ་ཚུར་ཆ་ཚང་བ་ཞིག་བཟོ་ཐུབ་ན། དེ་ནི་བྱ་བ་རླབས་ཆེན་ཞིག་དང་གལ་ཆེན་པོ་ཞིག་ཆགས་འདུག འདས་པའི་ལོ་བཅུ་ཕྲག་འགའ་ཤས་དེའི་རིང་ལ་ངོས་ཀྱིས་ནང་པའི་ཡུལ་གྲུ་འདྲ་མིན་གྱི་ནང་པའི་དགེ་སློང་དང་མཁས་དབང་དེ་འདྲ་ཐུག་པ་རེད། དེ་དག་ཐུག་སྟེ་བཀའ་མོལ་ལྷུག་པོ་བྱེད་སྐབས་ང་ཚོ་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་ནམ་རྒྱུན་ངོས་ཀྱིས་ཤོད་བཞིན་པ་དེ་རེད། དཔལ་ན་ལཎྜའི་ཆོས་བརྒྱུད་དེ་ཡིན། དེ་ནི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་ཆགས་ཡོད་ལ་དེ་ཕལ་ཆེར་དབྱིན་སྐད་དང་མ་སོང་(Unique)ཧ་ལམ་ཆགས་འདུག བོད་ལ་བསྟན་འགྱུར་ཡོད་པའི་ནང་ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་གཞུང་དང་མཁན་ཆེན་ཞི་འཚོ་རང་ཉིད་ཀྱི་ཚད་མའི་གཞུང་། ཀམ་ལ་ཤི་ལའི་ཚད་མའི་གཞུང་གི་འགྲེལ་པ་དེ་ཚོའི་གྲས་ང་ཚོ་བོད་ཡིག་ནང་ལ་རྒྱས་པོ་ཡོད། དེ་བཞིན་ཚད་མ་རྣམ་འགྲེལ་གྱི་འགྲེལ་པའི་གཞུང་དེ་དག་བོད་ཡིག་ནང་བསྒྱུར་ཡོད་པ་རེད། རྒྱ་སྐད་ནང་དེ་ཚོའི་གྲས་ཕལ་ཆེར་མེ་པ་འདྲ། ངོས་ཀྱིས་རྒྱ་རིགས་ཆོས་གྲོགས་ཤིག་ལ་སྐད་ཆ་དྲིས་སྐབས། སློབ་དཔོན་ཕྱོགས་གླང་གི་རིགས་དགུ་རྒྱ་སྐད་ནང་བསྒྱུར་ཡོད་པ་ཤོད་ཀྱི་འདུག ཚད་མ་ཀུན་བཏུས་ཕལ་ཆེར་མེད་པ་འདྲ། དེ་བཞིན་ཆོས་གྲགས་ཀྱི་གཞུང་དེ་དག་གྲས་ཕལ་ཆེར་མེད་པའི་སྐད་ཆ་ཞིག་འདུག དེ་དང་ཆབས་ཅིག་ཉེ་ཆར་རྒྱ་ནག་གི་ཆོས་གྲོགས་ཚོའི་ནང་ལ་ཚད་མར་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག དཔེར་ན། རྒྱ་ནག་རི་བོ་རྩེ་ལྔའི་དགོན་པ་ཞིག་གིས་བོད་ཀྱི་མཁས་པ་དེ་འདྲ་ལ་འབྲེལ་བ་བྱས་ཏེ་ཚད་མའི་གཞུང་འཁྲིད་རོགས་ཞེས་པའི་གནས་ཚུལ་དེ་དག་ལོ་གཅིག་གི་སྔོན་དུ་རེད།
དེར་བརྟེན་རྒྱ་ཡི་ཆོས་གྲོགས་ཚོའི་ནང་གཞི་ནས་ཚད་མའི་གཞུང་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག ང་ཚོ་ཚད་མའི་གཞུང་ཡོད་པ་དེ་དག་པ་ལིིའི་ཆོས་བརྒྱུད་འཛིན་མཁན་གྱི་ཡུལ་གྲུ་ཁག་ལས་ཕལ་ཆེར་རྒྱ་ཆེ་བ་ཡོད། ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་པུ་དེ་རྒྱ་ནག་ཆགས་ཡོད་ཀྱང་ཚད་མའི་གཞུང་ཞེ་དྲགས་བསྒྱུར་མེད་པ་འདྲ། དེར་བརྟེན་ནང་པའི་ཡུལ་གྲུའི་ནང་ལ་སངས་རྒྱས་པའི་ཚད་མའི་རིག་གཞུང་གོང་འཕེལ་གཏོང་རྒྱུར་ང་ཚོ་བོད་པས་གང་ཙམ་ཞིག་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད། ངོས་ཀྱི་ངོ་ཤེས་གྲོགས་པོ་དེ་འདྲ་ཡོད། ང་ཚོ་བོད་ལ་ཚད་མར་དོ་སྣང་ཤུགས་ཆེན་པོ་བྱས་ཏེ། དཔེར་ན། ས་པཎ་གྱིས་ཚད་མ་རིག་གཏེར་མཛད་པ་དེ་བོད་རང་གིས་བོད་རྩོམ་ཆགས་ཡོད། དེ་བཞིན་ཆ་པ་ཆོས་སེང་ཡབ་སྲས་ཀྱི་གྲས་དེ་དག་གིས་ཚད་མ་དང་རྟགས་གསལ་འགྲོ་སྟངས་ཀྱི་གྲས་ཏེ་གང་ཙམ་བོད་ནང་དར་སོ་ཡོད་པ་དེ་ཤུགས་ཆེན་པོ་ཡར་རྒྱས་ཕྱིན་ཡོད་རེད་སྙམ་གྱི་འདུག ང་ཚོ་བོད་པས་རྒྱ་གར་མཁས་པའི་ཚད་མའི་གཞུང་མང་པོ་ཞིག་བསྒྱུར་ཡོད་པ་མ་ཟད། བོད་པ་རང་ཉིད་ནང་ནས་ཚད་མའི་བསྟན་བཅོས་རྩོམ་མཁན་དེ་འདྲ་བྱུང་ཡོད། གང་ལྟར་ཐལ་དང་ཕྱིར་ཞེས་པ་དེ་དག་གི་གྲས་ཆ་པ་ཆོས་སེང་སྐབས་ཤུགས་ཆེན་དར་བ་ཞིག་རེད་འདུག གང་ལྟར་བོད་པས་ཚད་མའི་རིགས་ལམ་འགྲོ་སྟངས་ཐོག་ལ་ཏན་ཏན་ཤུགས་ཆེན་པོ་དོ་སྣང་བྱས་འདུག དཔེེར་ན། ངོས་ཀྱི་ངོ་ཤེས་ཚོང་པ་དེ་འདྲ་རེད། ཉེ་ཆར་ངོས་རང་ལ་ཐུག་བྱུང་།
ང་ཚོའི་རིགས་ལམ་འགྲོ་སྟངས་དོན་དག་གང་ཡིན་མིན་དེ་གཏན་ལ་ཕབ་སྐབས་རྟགས་དང་གསལ་བ་བྱས་ཏེ་བསྒྲུབ་རྒྱུ་དེར་ཧ་ཅང་དོ་སྣང་བྱེད་ཀྱི་འདུག རྩ་བ་ཚད་མའི་གཞུང་ནས་བཤད་པའི་རྟགས་གསལ་ཁྱབ་གསུམ་འགྲོ་སྟངས་དེ་དག་ཡིན་པ་གང་ཞིག་ལ་དེ་དག་འགྲོ་སྟངས་དེང་དུས་ཀྱི་སློབ་ཚན་ལ་བེད་སྤྱོད་བྱེད་རྒྱུ་ཞིག་ལ་ང་ཚོས་བསམ་བློ་གཏོང་གི་ཡོད། ཐལ་ཕྱིར་ཞེས་པ་དེ་དག་བོད་སྐད་ནང་ལོ་བརྒྱ་ཕྲག་གོང་ནས་གོམས་འདྲིས་ཡོད་ཀྱང་རྒྱ་སྐད་ནང་ད་ལྟའང་མེད། དབྱིན་སྐད་ནང་ལའང་དེ་མེད་པ་ལྟ་བུ་འདུག བོད་སྐད་ནང་གོམས་ནས་ཡོད་པ་དེ་རིགས་ལམ་ཐོག་ནས་གཏན་ལ་འབེབས་རྒྱུ་དང་བདར་ཤ་གཅོད་རྒྱུ། ང་ཚོས་རིགས་ལམ་འགྲོ་སྟངས་ཀྱི་དོན་དག་དེ་སློབ་ཚན་གཞན་དག་ལ་སྦྱར་རྒྱུ་ཞིག་བཟོ་དགོས་ཀྱི་འདུག་ཅེས་ལོ་གཅིག་ཤེས་རིག་གི་ཚོགས་འདུར་སྐད་ཆ་བྱུང་བ་རེད། དེ་ང་ཚོས་ཡག་པོ་ཞིག་བྱེད་ཐུབ་ན། ཕལ་ཆེར་འཛམ་གླིང་འདིའི་སྟེང་ལ་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུའི་ཐབས་ལམ་རིག་པས་དཔྱད་པ་བྱས་ཏེ་བདར་ཤ་གཅོད་རྒྱུར་ཏན་ཏན་ཕན་ཐོགས་ཡོང་གི་རེད་ཅེས་དེ་དུས་ང་ཚོ་སྐད་ཆ་བྱུང་བ་རེད། སྤྱིར་བཏང་འཛམ་གླིང་འདིའི་སྟེང་ལ་ཤེས་ཡོན་ཐོག་ལ་ཆ་བཞག་ན་ཡེ་ཤུ་ཆོས་པ་ཚོ་ཧ་ལས་པ་རེད། འཛམ་གླིང་ཤར་ནུབ་སོགས་ལ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་འཕྲོད་བསྟེན་ཐོག་ལས་ཀ་བྱེད་རྒྱུ་དེ་དག་ཡེ་ཤུ་ཆོས་གྲོགས་ཚོ་ཧ་ལས་པའི་བྱས་རྗེ་ཆེན་པོ་རེད་འདུག ང་ཚོས་ཤེས་ཡོན་ལ་སློབ་སྦྱོང་བྱེད་རྒྱུའི་ཐབས་ལམ་རིགས་པའི་ལམ་ནས་དཔྱད་པ་བྱེད་རྒྱུའི་ལེགས་སྐྱེས་ཆུང་ངུ་འབུལ་ཐུབ་ནའང་དེ་ང་ཚོའི་ངོ་སོ་ཐོན་པའི་ཞབས་འདེགས་ཤིག་བསྒྲུབ་ཐུབ་ཀྱི་ཡོད། དེ་ཆོས་ཀྱི་སྐད་ཆ་མིན། ང་ཚོས་རིག་གནས་ཆེ་བ་ལྔ་སྡེ་ཚན་འབྱེད་སྐབས་ཚད་མ་རིག་པ་དང་ནང་དོན་རིག་པར་ཟུར་དུ་ཕྱེ་ཡོད། ཚད་མའི་གཞུང་བྱེ་བྲག་རྣམ་འགྲེལ་ལྟ་བུར་ཆ་བཞག་ན་ནང་དོན་རིག་པ་ཆགས་ཀྱི་ཡོད་པ་རེད་མ་གཏོགས། སྤྱིར་བཏང་ཚད་མ་ཁོ་ནར་བརྩིས་ན་ཁོ་རང་ཁོ་རང་ཟུར་དུ་རེད་འདུག ཁྱེད་རང་ཚོས་ཡིག་སྒྱུར་བྱེད་རྒྱུ་དེ་དག་རྒྱ་ཆེན་པོ་ཞིག་ནས་ཆོས་པ་མ་ཡིན་མཁན་སྤྱིར་བཏང་སློབ་སྦྱོང་ཐོག་ལ་གང་ཙམ་ཞིག་ཕན་ཐོགས་བྱེད་རྒྱུ་ཡོང་གི་རེད། ཁྱེེད་རང་ཚོའི་བྱ་བ་དེ་རླབས་ཆེན་པོ་རེད། ལམ་ལྷོང་ཡོང་བའི་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། འོན་ཀྱང་རྒྱལ་བ་རིན་པོ་ཆེས་སྨོན་ལམ་བརྒྱབ་པ་རེད། ལམ་ལྷོང་ཡོང་གི་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། གང་ལྟར་སོ་སོའི་འབད་བརྩོན་དང་ལག་བསྟར་བྱེད་རྒྱུ་གལ་ཆེན་ཡིན་པ་ལས་སྨོན་ལམ་གལ་ཆེན་པོ་མིན། ཞེས་བཀའ་སློབ་སྩལ།
དེ་ནས་ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ངག་དབང་བསམ་གཏན་ལགས་ཀྱིས་མཐོ་སློབ་དེའི་འདས་པའི་ལོ་གཉིས་གོང་གི་གྲུབ་འབྲས་དང་མ་འོངས་པའི་བྱེད་སྒོ་རྣམས་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས་གྲུབ་བསྟུན་བཀའ་ཁྲི་མཆོག་གིས་མཐོ་སློབ་དེས་བསྒྲུབ་པའི་བྱ་གཞག་ཁག་ལ་བསྔགས་བརྗོད་དང་སྦྲགས་གསུང་བཤད་གནང་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་དཔེ་དེབ་ཁག་དབུ་འབྱེད་བསྐྱངས་ཏེེ་བཀའ་སློབ་སྩལ་དོན། གོང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུང་བཤད་ཞིབ་རྒྱས་གནང་སོང་། མཁས་དབང་ཟམ་གདོང་རིན་པོ་ཆེ་ཟེར་གྱི་ཡོད་པ་ལྟར་མཁས་དབང་རྣམ་དཔྱོད་ལྡན་པ་ཞིག་འདུག གལ་ཆེ་ཤོས་ལས་ཀ་དེ་དག་ལ་མིས་བསམ་བློ་བཏང་སྟེ་ཉམས་མྱོང་བསགས་ནས་འཆར་གཞི་ཡག་པོ་ཡོད་པ་ལྟར་འདོད་པ་ཇི་བཞིན་བསྒྲུབ་དང་མ་སྒྲུབ་དེ་ལག་ལེན་སྐྱེལ་མཁན་ལ་རག་ལུས་ཡོད། སྤྱི་ཡོངས་ཚང་མར་འགན་ཡོད་ཀྱང་ལྷག་པར་སློབ་གཉེར་ཁང་དགེ་སློབ་རྣམས་ལ་འགན་ཡོད། སྔོན་མ་ནས་ང་ཚོ་ཐེངས་མང་པོ་བཀའ་མོལ་བྱུང་བ་རེད། གང་ལྟར་ང་ཚོས་སློབ་གཉེར་ཁང་འདི་ཕུགས་རེ་ཡོད་པ་ཞིག་དང་འདིའི་ནང་ཡག་པོ་ཞིག་བྱེད་ཐུབ་ན་མདུན་ལམ་རྒྱ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད། ད་ལྟ་བར་དུ་ལམ་འདིའི་ཐོག་ལ་འགྲོ་དང་འགྲོ་བཞིན་པ་དེ་ནི་སྤོབས་པ་སྐྱེ་འོས་པ་ཞིག་ཡིན། ད་ལྟ་ལས་ཀ་མང་པོ་འགོ་བཙུགས་ཏེ་བསམ་བློའི་ནང་ཡོད་པ་དེ་དག་ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་དང་། ཡང་ལས་ཀ་འདི་ལྟ་བུ་ཞིག་འགོ་བཙུགས་ཏེ་གཞན་ལ་འབྲེེལ་བ་རྒྱ་ཆེན་པོ་ཡོང་སྐབས་རྟེན་འབྱུང་ལྟ་བུ་རེད། ད་དུང་དེ་ལས་མང་བའི་འབྲེལ་བ་རྒྱ་ཆེ་རུ་འགྲོ་རྒྱུ་དང་། དེ་འདྲའི་ཐོག་ནས་ལས་རིམ་གསར་དང་བློ་གྲོས་གསར་པ་ཏན་ཏན་ཡོོང་གི་རེད། འགྲོ་བ་མི་གཅིག་གིས་ངོས་ནས་བཤད་ན། ང་ཚོའི་བྱ་བ་དེ་དག་གཞན་ཕན་ཡིན་པས་ཚང་མས་ལྷག་བསམ་དང་སེམས་ཤུགས་བསྐྱེད་དེ་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པ་ཞིག་དགོས། གཉིས་ནས་བོད་ཀྱི་མིང་ཡོད་པའི་སློབ་གཉེེར་ཁང་ཆགས་ཡོད། སློབ་སྦྱོང་བྱེད་རྒྱུ་དང་བོད་ཡིག་སོགས་དང་འབྲེལ་བ་ཡོད་པ་རྣམས་བྱེད་ཀྱི་ཡོད། ང་ཚོ་མི་རིགས་ཤིག་གི་ངོས་ནས་བཤད་ནའང་ཕྱིན་ཆད་ལོ་རྒྱུས་སྟེང་ལ་བསླེབ་རྒྱུའི་སློབ་གཉེར་ཁང་ཞིག་ཆགས་ཡོད། ང་ཚོ་བོད་པ་ཞིག་གི་ངོས་ནས་སྔར་ཆོས་རྒྱལ་ཚོའི་སྐབས་མཐུན་འགྱུར་འཛོམས་པོ་མེད་པའི་འོག་ནས་བྱ་བ་རླབས་ཆེན་པོ་བསྒྲུབས་ཡོད། ད་ལྟ་ང་ཚོ་ཕྱིའི་མཐུན་འགྱུར་བཟང་པོ་འཛོམས་ཡོད། འཛམ་གླིང་གི་ཤར་ནུབ་གང་དུ་འགྲོ་དགོས་བྱུང་ཡང་ལས་སླ་པོ་ཆགས་ཡོད། དེ་ལྟ་བུའི་ཆ་རྐྱེན་བདེ་བླག་ཏུ་སྒྲུབ་ཐུབ་མཁན་ཞིག་ཡོད་སྐབས་སྔར་མཐུན་རྐྱེན་མ་འཛོམས་པའི་སྐབས་སུ་གྲུབ་འབྲས་དེ་འདྲ་ཞིག་ཐོན་ཡོད་དུས་ད་ལྟ་ང་ཚོར་ཆ་རྐྱེན་འཛོམས་པའི་སྐབས་སུ་དེ་ལས་ལྷག་པ་ངེས་པར་དུ་བྱེད་དགོས་པ་ཞིག་ཆགས་ཡོད། དེ་མིན་ང་ཚོའི་རླབས་ཆེན་མེས་པོ་དེ་དག་གི་རྗེས་ཟིན་ཐུབ་མཁན་ཞིག་མ་བྱུང་ན། ང་ཚོ་མི་རིགས་ཀྱི་མཚན་ཤས་དང་ཞབས་འདྲེན་རེད། དེར་བརྟེན་ཁྱེད་རང་སློབ་ཕྲུག་རྣམས་ནས་སེམས་ཤུགས་བསྐྱེད་དེ་ཁུར་ལེན་དགོས། དགེ་རྒན་རྣམས་ནས་ཀྱང་དེ་དེ་བཞིིན་བྱེད་དགོས། འཕྲལ་སེལ་འདི་ནས་ཕོགས་རག་པ་ལྟ་བུ་མིན་པ་བྱེད་དགོས། ང་ཚོའི་ལས་ཀ་གང་དང་གང་ཡིན་ཡང་དངོས་གནས་སངས་རྒྱས་ཀྱི་ཆོས་པ་ཞིག་གི་ངོས་ནས་བཤད་ན། སངས་མ་རྒྱས་བར་དུ་སོ་སོའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་བཟང་པོའི་ཡོན་ཏན་གོང་ནས་གོང་དུ་འཕེལ་རྒྱུར་ཆོག་ཤེས་རྩ་བ་ནས་མ་བྱས་པར་ད་དུང་གང་འདྲ་བྱས་ནས་ཡར་རྒྱས་གཏོང་དགོས་མིན་ཐོག་ཚང་མས་སེམས་ཁུར་ལེན་དགོས། ང་ཚོ་མང་པོ་ཞིག་གིས་མགོ་སྟོད་རེ་བ་ཆེན་པོ་བརྒྱབ་ཀྱང་གང་ཙམ་ཞིག་ནས་འགྲོ་ཡོད་བསམ་སྟེ་ཉིན་འཁྱོལ་བྱས་ནས་སྡོད་སྐབས་ཡར་རྒྱས་འགྲོ་རྒྱུ་མེད། ད་དུང་ང་ཚོ་གསར་གཏོད་བྱེད་དགོས་ཡོད་བསམས་པའི་སེམས་ཤུགས་དེ་དགེ་སློབ་རྣམས་ནས་སེམས་ཤུགས་བསྐྱེད་དགོས། ང་ཚོས་འདས་པའི་ལོ་རྒྱུས་དང་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་ལ་བལྟས་ཀྱང་ང་ཚོ་བོད་པ་ཉམ་ཐག་དགོས་པ་རྩ་བ་ནས་མིན་དེ་སེམས་ལ་འཇོག་དགོས་ཅེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཏེ་དཔེ་དེབ་དབྱིན་ཧིན་ནང་བསྒྱུར་མཁན་རྣམས་ལ་མཇལ་དར་གསོལ་རས་སྩལ་ཡོད་པ་བཅས།།