༢༠༡༡་ཟླ་ ༡ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་སི་ཊོ་ལི་ཡ་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་གི་གོ་སྒྲིག་ཐོག་ཨོ་སི་ཊོ་ལི་དང་། ནིའུ་ཛི་ལེན་ཌིའི་ཁུལ་གྱི་བོད་རིགས་ན་གཞོན་ཕོ་མོ་མཐོ་སློབ་ཐོན་པ་དང་། མཐོ་སློབ་ནང་སྐྱོད་བཞིན་པ་བཅས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད། དེ་ཡང་ད་ལམ་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༦ ནས་ ༩ བར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ན་གཞོན་མགྲོན་ཁང་ (Sydney Central Youth Hostel Association) ནང་ཉིན་གཉིས་དང་ཕྱེད་ཀའི་ཟབ་སྦྱོང་ཐོག་བོད་རིགས་ན་གཞོན་ཕོ་མོ་གྲངས་ ༢༠ ནས་མཉམ་བཞུགས་གནང་ཡོད། ཟབ་སྦྱོང་འདིའི་དབུ་འཛུགས་གནང་སྐབས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་ཟབ་སྦྱོང་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་དགོས་པ་དགོས་པ་རྒྱུ་མཚན་བཅས་གསལ་བཤད་གནང་རྗེས། བཛྲ་ཡཱ་ན་བོད་བརྒྱུད་ནང་པའི་ཆོས་ཚོགས་ཀྱི་ཆོས་དགེ་དགེ་བཤེས་ངག་དབང་བསམ་བརྟན་ལགས་ཀྱིས་བོད་བརྒྱུད་ནང་ཆོས་ངོ་སྤྲོད་དང་འདྲི་བ་རྣམས་ལ་འདྲི་ལན་གནང། དེ་རྗེས་དེ་སྔོན་ཤེས་བྱ་དུས་དེབ་ཀྱི་སྩོམ་སྒྲིག་ལས་ཟུར་སྐུ་ཞབས་བློ་བཟང་སྦྱིན་པ་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་སྐོར་ངོ་སྤྲོད་གནང་གྲུབ་བསྟུན་གཞུང་ཞབས་ལས་ཟུར་སྐུ་ཞབས་བསོད་ནམས་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་དུས་ཆེན་ཁག་ངོ་སྤྲོད་དང་། དུས་ཆེན་སྲུང་བརྩི་ཞུ་སྟངས་བཅས་ཟབ་འཁྲིད་གནང་། དེ་རྗེས་སི་ཌི་ནིའི་བོད་རིགས་མཐུན་ཚོགས་ཀྱི་ཟློས་དགེ་དྭང་བླང་ཞབས་ཞུ་བ་སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་བོད་ཀྱི་ཡུལ་ལུང་སོ་སོའི་ནང་དར་ཁྱབ་ཆེ་བའི་གཞས་སྣ་འདྲ་མིན་དང་ཞབས་བྲོ། ལྷ་མོའི་འཁྲབ་གཞུང་འདྲ་མིན་དར་འཕེལ་འབྱུང་སྟངས། གཞས་ཚིགས་དང་རྟ་དབྱངས་བཟོ་སྟངས་བཅས་སྐོར་ངོ་སྤྲོད་དང་། དེ་བཞིན་རྐྱང་གཞས་གཅིག་གི་རྟ་དབྱངས་གཏོང་སྟངས་བཅས་སློབ་ཁྲིད་གནང་། ཉིན་དང་པོའི་ཉིན་རྒྱབ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་ཀྱི་རྒྱལ་རབས་སྙིང་བསྡུས་ངོ་སྤྲོད་དང་། དྲི་བ་འདྲི་ལན་གནང་། དེ་རྗེས་ནིའུ་སའུཐེ་ཝེལ་སི་(New South wales University) གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ཀྱི་སློབ་དགེ་ལས་ཟུར་སྐུ་ཞབས་ཇོན་པེ་སེ (John Pace) ལགས་ཀྱིས་བོད་དང་འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་བརྗོད་གཞིའི་ངོ་སྤྲོད་ཐོག་ཟབ་ཁྲིད་གནང་ཡོད། དེ་བཞིན་ཨོ་སི་ཊོ་ལི་ཡ་བོད་ཀྱི་ལྷན་ཚོགས་ (Australia Tibet Council ) ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་སྤོལ་བྷོརཀ་(Paul Bourke) ལགས་ཀྱིས་བོད་ཀྱི་བདེན་དོན་སེལ་ཐབས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ལས་འགུལ་སྤེལ་སྟངས། ཁུལ་གནས་བོད་རིགས་རྒན་གཞོན་ཚང་མས་མཉམ་ཞུགས་གནང་གལ་ཆེ་བའི་སྐོར་བཅས་ངོ་སྤྲོད་གནང་ཡོད། དེ་བཞིན་ཕྱི་ཚེས་ ༩ བར་བོད་རིགས་དང་ཕྱི་རྒྱལ་མི་སྣ་མཁས་མྱོང་ཅན་དུ་མ་ཞིག་གདན་འདྲེན་ཞུས་ཏེ་ཟབ་སྦྱོང་གནང་ཡོད་པས་གཞོན་སྐྱེས་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་འདུག་པ་བཅས།།
བོད་རིགས་ན་གཞོན་ཟབ་སྦྱོང་།
གསར་གནས།
འབྲེལ་གནས།