༢༠༡༡ ཟླ་ ༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༤ རེས་གཟའ་མིག་དམར་ཉིན་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཝང་ལིས་ཞུང་གིས་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞུགས་སྒར་ཟིམ་ཆུང་ཕོ་བྲང་ནང་ནས་ཐེངས་དང་པོར་དྲྭ་བརྙན་(Web-Cam) བརྒྱུད་རྒྱ་ནག་སྐམ་སའི་གྲོང་ཁྱེར་ཧྲིང་ཀྲིང་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཐེང་པོ་དང་། རྒྱ་ནག་རྒྱལ་ས་པེ་ཅིང་ནས་ཁྲིམས་རྩོད་པ་ཅང་ཐེན་ཡུང་དང་ལྷན་ཆུ་ཚོད་གཅིག་དང་སྐར་མ་བཅོ་ལྔའི་རིང་དྲི་བ་དྲིས་ལན་མཛད་སྐབས་༸གོང་ས་མཆོག་གིས་དྲི་བ་བརྒྱད་ལ་བཀའ་ལན་མཛད་ཡོད། སྐབས་དེར་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་མཆོག་གིས་གསུང་སྒྱུར་ཞུས་འདུག ཐེངས་འདིའི་དྲྭ་བརྙན་བརྒྱུད་གླེང་མོལ་མཛད་པ་དེ། ཕྱི་ལོ་ ༢༠༡༠ ལོར་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཝང་ལིས་ཞུང་གིས་འགོ་འཛུགས་གནང་བའི་༼རྒྱ་རིགས་མི་མང་གིས་དྲྭ་ལམ་བརྒྱུད་ཏཱ་ལའི་བླ་མ་མཆོག་དང་གླེང་མོལ།༽ཞེས་པའི་ལས་གཞིའི་ཆ་ཤས་ཤིག་ཡིན་འདུག རྒྱ་རིགས་ཁྲིམས་རྩོད་པ་གཉིས་ཀྱིས་སོ་སོའི་སྒེར་གྱི་དྲི་བ་རེ་༸གོང་ས་མཆོག་ལ་ཕུལ་བ་དང་། དེ་བཞིན་དེ་སྔའི་དྲི་བ་ ༣༡༩ ནང་ནས་ཁོང་གཉིས་ཀྱིས་དྲི་བ་གསུམ་རེ་བདམས་ཏེ་ྋགོང་ས་མཆོག་ལ་ཕུལ་བར་བཀའ་ལན་མཛད་འདུག ཁྲིམས་རྩོད་པ་ཁོང་གཉིས་ནི་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་ནག་གི་ཁྲིམས་རྩོད་པ་རྣམས་ཀྱིས་མཉམ་རུབ་ཐོག་སྤེལ་བའི་(ང་ཚོས་ཁྲིམས་ཐོག་ནས་བོད་མིར་རྒྱབ་སྐྱོར་བྱ་འདོད། ) ཅེས་པའི་བསྒྲགས་གཏམ་གྱི་ཐོག་མའི་འཆར་ཟིན་པ་དང་། མིང་རྟགས་འགོད་མཁན་ཡིན་འདུག དེར་བརྟེན་རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱི་ཁྲིམས་རྩོད་པའི་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད། དུས་ད་ལྟའང་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་འོག་ཁྲིམས་ཆད་ཕོག་པའི་བོད་མི་ཚོར་རོགས་པ་བྱེད་མུས་ཡིན་པ་བཅས།།
༸གོང་ས་མཆོག་གིས་དྲྭ་བརྙན་བརྒྱུད་རྒྱ་ནག་སྐམ་སའི་ཁྲིམས་རྩོད་པའི་དྲི་བར་བཀའ་ལན་མཛད་པ།
གསར་གནས།
འབྲེལ་གནས།