༢༠༡༡ ཟླ་ ༡ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣ ནས་འགོ་འཛུགས་ཀྱིས་ཟླ་བ་གཅིག་གི་རིང་ཐེ་ཝན་གྱི་གྲོང་ཁྱེར་ཤིན་ཚུའི་ནང་རྟེན་གཞི་བྱས་པའི་ཅའོ་ཏུང་འགྲིམ་འགྲུལ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་བོད་མཐུན་འབྲེལ་ཚོགས་པ་དང་། ཐེ་ཝན་བོད་གཞུང་སྐུ་ཚབ་དོན་ཁང་གཉིས་ཟུང་འབྲེལ་ཐོག་བོད་ཀྱི་རིག་གཞུང་འགྲེམས་སྟོན་གོ་སྒྲིག་ཞུ་བཞིན་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་སྐོར་རྒྱ་ཡིག་ཐོག་རྩོམ་བྲིས་དང་ཕབ་སྒྱུར་ཞུས་པའི་དཔེ་དེབ་གྲངས་ ༢༠༠ ཙམ་འགྲེམས་སྟོན་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༧ ནས་ད་བར་ཐེ་ཝན་གྱི་གྲོང་ཁྱེར་འདྲ་མིན་ཁག་ལྔ་ཙམ་གྱི་ནང་འགྲེམས་སྟོན་དེ་རིགས་ཐེངས་དྲུག་ཙམ་བྱས་ཡོད།
འགྲེམས་སྟོན་ཐེངས་ལྔ་པ་དེ་ཐེ་ཝན་གྲོང་ཁྱེར་ཀའོ་ཤུང་དུ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ཚེས་ ༢ ནས་ཟླ་བ་གཉིས་ཙམ་རིང་བྱ་རྒྱུའི་འཆར་གཞི་ཡོད་ཀྱང། མང་ཚོགས་ཀྱིས་དོ་སྣང་ཆེ་རྐྱེན་ཟླ་བ་གཅིག་ཕར་འགྱང་བྱེད་དགོས་བྱུང་ཡོད། ཐེངས་འདིའི་འགྲེམས་སྟོན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འགྲེལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཁག་གཅིག་དང་བོད་ཀྱི་སངས་རྒྱས་པའི་ཆོས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། སྔ་མོའི་བོད་ཀྱི་ཤོག་དངུལ་དང་ཊམ་ཀ སྦྲག་གླའི་ཐེལ་ཤོག་ (postal stamp) དཀོན་རིགས།
དེ་བཞིན་བོད་ཀྱི་སྒྱུུ་རྩལ་ཁག་གཅིག བཙན་བྱོལ་བོད་མིའི་གནས་སྟངས། བོད་ནང་འདས་པ་དང་ད་ལྟའི་གནས་སྟངས་བཅས་པར་རིགས་ཀྱི་ལམ་ནས་འགྲེམས་སྟོན་ཞུ་བཞིན་ཡོད་པ་བཅས།།