༢༠༡༠ ཟླ་ ༡༢ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་རྙིང་མའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་མཛའ་འབྲེལ་མཐུན་ཚོགས་ཀྱིས། ཚོགས་པ་དེའི་འདི་ལོའི་ “Global Participation in India’s Economic Development” ཚོགས་འདུའི་ཐོག་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་རྟགས་བྷཱ་རཏ་ཇོ་ཏི་ “Bharat Jyoti Award” ཞེས་པ་དེ། རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་རྫོང་ཁོངས་སྔ་འགྱུར་རྙིང་མའི་ཆོས་སྡེ་སྨིན་གྲོལ་གླིང་དགོན་གྱི་སྨིན་གླིང་མཁན་ཆེན་མཆོག་གིས་ལོ་མང་རིང་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཐོག་ཕྱག་ལས་རླབས་ཆེན་གནང་བར་ངོས་འཛིན་གྱིས་ཆེ་བསྟོད་སླད་ཕུལ་བ་ཞིག་ཡིན་འདུག
དེ་ཡང་གཟེངས་རྟགས་ཕུལ་བའི་མཛད་སྒོར་རིན་པོ་ཆེ་མཆོག་གིས་གསུང་དོན། གཟེངས་རྟགས་འདི་ནི་ང་མི་སྒེར་ཁོ་ནས་བྱས་རྗེས་མིན་པར་ཕྱག་རོགས་ཚོས་སྤྱི་ཚོགས་ཞབས་ཞུའི་ཐོག་མཉམ་རུབ་ལས་བྱུང་བའི་གྲུབ་འབྲས་ཤིག་ཡིན། དེ་བཞིན་རྒྱ་གར་དང་མི་རིགས་སུ་ཡིན་རུང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐད་ངེས་པར་དུ་ཁུར་མཉམ་བཞེས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཞེས་སོགས་ཀྱི་འབོད་སྐུལ་ཡང་ཞུས་གནང་འདུག
ཐེངས་འདིའི་མཛད་སྒོར་རྒྱ་གར་དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་ཀྱི་འཐུས་མི། མཁས་དབང། སྤྱི་ཚོགས་ཞབས་ཞུ་བ། བཟོ་གྲྭ་བདག་པོ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་མཉམ་ཞུགས་བྱས་ཡོད། གཟེངས་རྟགས་འདི་བཞིན་དེ་སྔོན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཡེ་ཤུའི་བཙུན་མ་མཱ་ཌར་ཊེ་རེ་ས་ (Mother Teresa) མཆོག་དང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཁག་གཅིག དེ་བཞིན་བོད་ཀྱི་བླ་ཆེན་འབྲུག་ཆེན་རིན་པོ་ཆེ་མཆོག་བཅས་ལ་ཕུལ་ཡོད་པ་རེད།
སྨིན་གླིང་མཁན་རབས་དགུ་པ་ངག་དབང་མཁྱེན་རབ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི། ༡༩༧༠ ཟླ ༡ ཚེས ༥ ཉིན་ཡབ་ཉི་མ་དགྲ་འདུལ་དང། ཡུམ་མྱོས་ཀྱི་གདུང་རྒྱུད་ལས་ཆད་པ་བདེ་སྐྱོང་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྨིན་གླིང་མཁན་རབས་དགུ་པའི་མཛད་པ་བདག་གིར་བཞེས། ཁྲོ་རུ་མཁན་རིན་པོ་ཆེ་ཚེ་རྣམ་སྐུ་མདུན་ནས་ཡི་གེ་འབྲི་ཀློག་དང་སྨན་གཞུང་ལ་སློབ་སྦྱོང་གནང་པ་དང། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་སོགས་ལ་སུམ་རྟགས་སོགས་བཅུ་ཕྲག་རིག་པའི་གནས་ལ་སློབ་སྦྱོང་དཔྱིས་ཕྱིན་པར་གནང་ཡོད། ཁྱད་པར་དུ་ཕྱི་ལོ་ ༡༩༨༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་བཞིན་༸གོང་ས་མཆོག་དང་ལྷན་དུ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་སྒྱུ་འཕྲུལ་གསང་བ་སྙིང་པོའི་ཆོས་སྐོར་ཡོངས་རྫོགས་ཞུ་ཐོབ་ཀྱི་བཀའ་དྲིན་བླ་མེད་བྱུང་བ་དང། གཞན་ཡང་རྙིང་མའི་བླ་ཆེན་ཁག་གི་གཙོས་རིས་སུ་མ་ཆད་པའི་བཤེས་གཉེན་དམ་པ་དུ་མའི་མདུན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སོགས་རྨད་དུ་བྱུང་བ་གནང་ཡོད།
མཁན་ཆེན་རིན་པོ་ཆེ་མཆོག་གིས་སྨིན་གྲོལ་གླིང་བཤད་གྲྭ་གཙོས་པའི་ཡུལ་གྲུ་དུ་མར་མདོ་རྒྱུད་རྣམས་འཆད་སྤེལ་གནད་སྨིན་གནང་བཞིན་ཡོད་པ་མ་ཟད། དེང་གི་ཆར་ཡང་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཞོན་གྱི་འགན་དབང་བཞེས་པ་སོགས་རྒྱལ་བསྟན་སྤྱི་བྱེ་ལ་སྨན་པའི་ཕྱག་ལས་གང་ལེགས་གནང་བཞིན་ཡོད་པ་དང། དེ་བཞིན་སྤྱི་ཚོགས་ཞབས་ཞུའི་ལས་རིགས་བཅས་ལ་ཕན་ཐོགས་གང་ལེགས་བསྒྲུབས་དང་སྒྲུབ་མུས་བཅས།།