༄༅། །འདི་གར་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་ཐེ་སྡོད་བོད་རིགས་ཚོགས་པས་འགན་བཞེས་ཀྱིས་བོད་མི་རྣམས་སྤྱན་རས་གཟིགས་ཆོས་ཚོགས་ནང་མཉམ་འཛོམས་གནང་བ་དང་། དུས་མཚུངས་ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་རྐང་འགན་བཞེས་ཏེ་ཐེ་ཝན་རྒྱལ་ས་ཐེ་པེ་ནས་ལྷོ་ཕྱོགས་གྲོང་ཁྱེར་ཀའོ་ཞུང་བར་ཉིན་གྲངས་བཅུ་གསུམ་རིང་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་ལས་འགུལ་ནང་ཞུགས་མཁན་༸སྐུའི་གཅེན་པོ་དམ་པ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་དང་། བསྟན་འཛིན་འཇམ་དབྱངས༌ལགས། ཨ་རི་བ་སྐུ་ཞབས་མཱ་ཁོ་སི། དེ་བཞིན་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ༌དགྲ་བཅོམ་པ་དང་། ས་གནས་གཞོན་ནུའི་ཚོགས་གཙོ༌བཀྲ་ཤིས། ས་གནས་བུད་མེད་ཚོགས་གཙོ༌སྒྲོལ་མ་མཚོ། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་མི་སོགས་དེ་ཉིན་རྒྱལ་ས་ཐེ་པེ་ནས་གོམ་བགྲོད་འགོ་འཛུགས་ཀྱིས་ཐའོ་ཡོན་ས་གནས་སུ་འབྱོར་བསྟུན་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་རེད།
མཛད་སྒོའི་ཐོག་མར་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསར་དུ་འདེམས་ཐོན་བྱུང་བའི་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པར་འཚམས་འདྲིའི་མཇལ་དར་ཕུལ༌བ་དང་། བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་རྗེས། ཐེ་སྡོད་བོད་མི་རྣམས་ལ་བོད་རྒྱ་འབྲེལ་ལམ་སྐོར་དང་། བོད་མི༌ཚོས་དམིགས་བསལ་འགན་དང་ནུས་པ་འདོན་དགོས་སྐོར་སོགས་གསུང་བཤད་གནང༌
དེ་ནས་ཨ་རི་ནས་ཆེད་དུ་ཐེ་ཝན་ནང་གོམས་བགྲོད་དུ་ཕེབས་མཁན་བོད་མི་གཉིས་དང་། ཨ་རིའི་ཡུལ་མི་གཅིག་བཅས་ནས་སྐབས་འདིའི་གོམ་བགྲོད་བྱེད་དགོས་པའི་ངོ་སྤྲོད་གསུང་བཤད་རིམ་པས་གནང་།
དེ་རྗེས་ཐེ་སྡོད་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ། ས་གནས་བུད་མེད་བཅས་ཀྱི་ཚོགས་མི་ནས་གོམ་བགྲོད་ནང་ཞུགས་མཁན་བོད་མི་དང་། ཐེ་ཝན་ཡུལ་མི་བཅས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་གཡོགས། མཐའ་མ་བོད་རིགས་ཚོགས་པའི་ཚོགས་གཙོ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་རྗེས། བོད་མི་རྣམས་མཉམ་དུ་གསོལ་ཚིགས་ལ་རོལ་ནས་དགའ་སྤྲོའི་ངང་དུས་སྟོན་མཇུག་སྒྲིལ༌ཡོད་པ་བཅས།།