༢༠༡༠ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ཟླ་ བ།
༄༅། །བོད་རྒྱལ་ལོ་ ༢༡༣༧ ཟླ་ ༡༡ སྔ་མའི་ཚེས་ ༥ ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། སྤྱི་ནོར་༸གོང་ས་༸་སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ཉེར་གཅིག་འཁོར་བའི་དུས་སྟོན་དང་། ཧི་མ་ཅལ་མངའ་གཞུང་ནས་རྗེས་དྲན་གྱི་དགའ་སྟོན་ཐེངས་བཅུ་དྲུག་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བཅས་གལ་ཆེའི་དུས་ཆེན་གསུམ་འཛོམས་འཁེལ་གྱི་ཡོད་པ་ལྟར་འདི་ག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དབུས་ཁྲིམས་ཞིབ་རྣམ་པ་དང་། བཀའ་བློན་ཁྲི་ཚབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག བོད་མིང་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ།
རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་རྣམ་པ། གཞུང་ཞབས་ཆེ་ཕྲ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་རྣམ་པ། བོད་མིར་དགའ་ཞེན་ཆེ་བའི་ཕྱི་རྒྱལ་བ་དང་། སློབ་ཕྲུག དེ་བཞིན་མི་མང་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ཚང་འཛོམས་ཐོག་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་བཀའ་བློན་ཁྲི་ཚབ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་གུས་འདུད་ཞུས་རྗེས་ཐང་སྟོང་གླུ་གར་ཚོགས་པས་ནོ་བེལ་ཞི་བདེའི་བསྟོད་དབྱངས་མཉམ་གཞས་ཕུལ།
དེ་ནས་གཞུང་ཞབས་འདེམས་ལྷན་གྱི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་སྲི་ཞུ་བ་བགྲེས་ཡོལ་ཕེབས་མི་གཞུང་ཞབས་འདེམས་ལྷན་དྲུང་གཞོན་ཟུར་པ་བློ་བཟང་ཡོན་ཏན་ལགས་དང། སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ཟུང་དྲུང་ཟུར་པ་འཇིང་གེར་དཔོན་དགྲ་འདུལ་ལགས་གཉིས་ངོ་སྤྲོད་དང་འབྲེལ་བཀའ་བློན་ཁྲི་ཚབ་མཆོག་གིས་ལེགས་སྐྱེས་གནང་མཚམས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་འཕྲོད་བསྟེན་ཁྱབ་ཁོངས་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་བཀྲ་ཤིས་ཚེ་རིང་ལགས་ངོ་སྤྲོད་དང་འབྲེལ་ལེགས་མཚོན་བྱ་དགའ་བཀའ་བློན་ཁྲི་ཚབ་མཆོག་གིས་གནང་གྲུབ་བསྟུན་སྔ་འགྱུར་བསྟན་པའི་གསལ་བྱེད་ཁྱེའུ་རིག་འཛིན་ཆེན་མོའི་འཁྲུངས་རབ་རྣམ་ཐར་བོད་རྒྱ་དབྱིན་གསུམ་ཐོག་ཡོད་པ་དབུ་འབྱེད་དང་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནས་དབུ་མའི་ལམ་གྱི་བརྗོད་གཞི་དང་འབྲེལ་བའི་སྐོར་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་དང་ཕྱག་ཁྱེར་བཀའ་བློན་ཁྲི་ཚབ་མཆོག་གིས་གནང།
དེ་རྗེས་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༧༨ ནས་ ༢༠༡༠ བར་དོལ་རྒྱལ་སྐོར་ལམ་སྟོན་གྱི་བཀའ་སློབ་ཁག་ཕྱོགས་སྒྲིག་ཞུས་པ་དེབ་ཕྲེང་གཉིས་དང་ཕྱི་ལོ་ ༢༠༠༤ དཔྱིད་ཆོས་ཆེན་མོར་ཀུན་བཟང་བླ་མའི་ཞལ་ལུང་སོགས་སྔོན་འགྲོའི་གསུང་ཆོས་ཁག་ཕྱོགས་སྒྲིག་ཞུས་པ་ཐར་ལམ་གསལ་བའི་སྒྲོན་མེ། དེ་བཞིན་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་སྐབས་སྩལ་བའི་བཀའ་སློབ་སོགས་ཕྱོགས་སྒྲིག་ཞུས་པ་ལམ་སྟོན་བཀའ་སློབ་ཕྱོགས་བསྡུས་བཅས་ཕྱག་དེབ་ཁག་བཞི་བཀའ་བློན་ཁྲི་ཚབ་མཆོག་གིས་དབུ་འབྱེད་དང་སྦྲགས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཐང་སྟོང་གླུ་གར་ཚོགས་པ་དང་རྡ་སའི་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་ནས་རིམ་བཞིན་གཞས་སྣ་ཁག་བཅུ་འཁྲབ་སྟོན་ཞུས་ཏེ་སྔ་དྲོའི་མཛད་སྒོ་ལེགས་པར་གྲུབ་པ་དང་ཆབས་ཅིག་ཉིན་རྒྱབ་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་ཞུས་ཐོག་རྡ་སའི་ཉེ་འཁོར་དུ་གནས་པའི་རྒྱ་གར་སློབ་གྲྭ་ཁག་དང་དེ་བཞིན་བོད་པའི་སློབ་གྲྭ་ཁག་སོགས་ནས་ཀྱང་གཞས་སྣ་ཁག་གཅིག་འཁྲབ་སྟོན་གྱིས་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས།