༢༠༡༠ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ཟླ་བ།
༅༅། །འདི་གར་ཨོ་སི་ཊོ་ལི་ཡ་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༡ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིའི་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་དང་ཨོ་སི་ཊོ་ལི་ཡ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ཐུན་མོང་གིས་གོ་སྒྲིག་འོག་བོད་རྒྱ་མི་རིགས་གཉིས་དབར་ཞི་བདེ་དང་མཉམ་མཐུན་ཞེས་པའི་བརྗོད་གཞིའི་ཐོག་ཕན་ཚུན་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད། ཐེངས་འདིའི་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་རྒྱ་མི་རིགས་གཉིས་དབར་གྱི་བསམ་ཚུལ་བརྗེ་ལེན་དང། ཕན་ཚུན་ཕྱོགས་རིས་དང་ལོག་རྟོག་སོགས་སེལ་ཐབས་བྱ་རྒྱུ་ཡིན་པ་རེད། དེ་ཡང་རྒྱ་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་མེ་ལེས་ཆི་ནས་བརྗོད་དོན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་བྱུང་བའི་ཞི་རྒོལ་དང་དེ་རྗེས་རྒྱ་ནག་གཞུང་གིས་བོད་མིར་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད། བོད་རྒྱ་མི་རིགས་གཉིས་དབར་དབྱེན་སྦྱོར་དཀྲུག་ཤིང་བརྒྱབ་སྟེ་འགལ་ཟླ་ཚབས་ཆེན་བཟོས་ཡོད། དེར་བརྟེན་ཐེངས་འདིའི་བོད་རྒྱ་མི་རིགས་གཉིས་དབར་གྱི་བསམ་བློ་འཁྱེར་སོའི་སྐོར་ཕན་ཚུན་བགྲོ་གླེང་ལྷུག་པོ་ཞིག་ཡོང་སླད་བོད་རྒྱའི་རིག་གཞུང་བརྗེ་ལེན་གྱི་ལྷན་ཚོགས་ཞེས་པའི་ཚོགས་འདུ་ཞིག་ཚོགས་རྒྱུའི་བསམ་བློ་གསར་པ་ཞིག་གསལ་སྟོན་བྱས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྐབས་དེར་ཚོགས་བཅར་བ་རྣམས་ཀྱིས་བོད་ཀྱི་ནང་ཆོས་དང་། རིག་གཞུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག རྒྱ་ནག་ནང་གི་མང་གཙོ་དང་བོད་རྒྱ་འབྲེལ་མོལ་སྐོར་སོགས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་མ་ཟད། ཕན་ཚུན་བསམ་ཚུལ་བརྗེ་ལེན་དང། མཁས་དབང་གིས་གཏམ་བཤད་སྐབས་ཚོགས་བཅར་བ་དང་ལྷན་དྲི་བ་དྲིས་ལན་བརྒྱུད་རྒྱ་རིགས་མང་པོ་ཞིག་ལ་བོད་ཀྱི་རིག་གཞུང་དང་བོད་ནང་གི་དངོས་ཡོད་གནས་སྟངས་གོ་རྟོགས་དང། དེ་བཞིན་བོད་རིགས་རྣམས་ནས་རྒྱ་ནག་གི་རིག་གཞུང་ཤེས་རྟོགས་དང། ཕན་ཚུན་འབྲེལ་ལམ་གནང་རྒྱུར་ཡིད་ཆེས་བསྐྲུན་ཐབས་ལ་ནུས་པ་ཆེན་པོ་ཐོན་ཡོད།
ཚོགས་འདུ་དེའི་ཐོག་ཨོ་སི་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང། དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་དང་། ཨེཌ་ལེན་ཌ་ཁུལ་གྱི་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ། སློབ་ཕྲུག མང་གཙོ་དོན་གཉེར་བ། ཨོ་སི་ཊོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཀྱི་དྲུང་ཆེ་ཟུར་པ་བཅས་བོད་རྒྱ་མི་རིགས་ཁྱོན་མི་གྲངས་ ༧༠ བརྒལ་བ་མཉམ་ཞུགས་གནང་ཡོད། འཆར་ལོའི་ནང་བགྲོ་གླེང་འདི་ལྟར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཁུལ་དུ་འཚོགས་གཏན་འཁེལ་ཡོད་པ་བཅས།།
ཨོ་སི་ཊོ་ལི་ཡར་རྒྱ་བོད་རིགས་གཞུང་བརྗེ་ལེན་གྱི་ཚོགས་འདུ་ཚོགས་པ།
གསར་གནས།
འབྲེལ་གནས།