༢༠༡༠ ཟླ་ ༡༢ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །བོད་རྒྱལ་ལོ་ ༢༡༣༧ ཟླ་ ༡༡ སྔ་མའི་ཚེས་ ༥ ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། སྤྱི་ནོར་༸གོང་ས་༸་སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ཉེར་གཅིག་འཁོར་བའི་དགའ་སྟོན་གྱི་མཛད་སྒོ་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་དུས་ཆེན་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
དེ་ཡང་ཐོག་མར་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་སྐབས་བཀའ་བློན་ཁྲི་ཚབ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་གུས་འདུད་ཞུ་རྒྱུ་དང་། དེ་ནས་ཐང་སྟོང་གླུ་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་འབུལ་རྒྱུ། དེ་རྗེས་གཞུང་ཞབས་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་སྲི་ཞུ་བ་བགྲེས་ཡོལ་ཕེབས་མི་རྣམ་པ་ངོ་སྤྲོད་དང་འབྲེལ་བཀའ་བློན་ཁྲི་ཚབ་མཆོག་གིས་ལེགས་སྐྱེས་གནང་རྒྱུ། དེ་བཞིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་ཁྱབ་ཁོངས་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་རྣམས་ལ་ལེགས་མཚོན་གྱི་བྱ་དགའ་གནང་རྒྱུར་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དོ་བདག་ལས་བྱེད་རྣམས་ངོ་སྤྲོད་དང་སྦྲགས་བཀའ་བློན་ཁྲི་ཚབ་མཆོག་གིས་བྱ་དགའ་གནང་རྒྱུ། དེ་ནས་སྔ་འགྱུར་བསྟན་པའི་གསལ་བྱེད་ཁྱེའུ་རིག་འཛིན་ཆེན་མོའི་འཁྲུངས་རབ་རྣམ་ཐར་བོད་རྒྱ་དབྱིན་གསུམ་ཐོག་ཡོད་པ་བཀའ་བློན་ཁྲི་ཚབ་མཆོག་གིས་དབུ་འབྱེད་གནང་རྒྱུ། ཕྱོགས་མཚུངས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནས་དབུ་མའི་ལམ་གྱི་བརྗོད་གཞི་དང་འབྲེལ་བའི་སྐོར་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་དང་ཕྱག་འཁྱེར་བཀའ་བློན་ཁྲི་ཚབ་མཆོག་གིས་གནང་རྒྱུ། དེ་ནས་སྐུ་བཅར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༨ ནས་ ༢༠༡༠ བར་༼དོལ་རྒྱལ་སྐོར་ལ་ལམ་སྟོན་བཀའ་སློབ་ཁག་ཕྱོགས་སྒྲིག་ཞུས་པ་དེབ་ཕྲེང་གཉིས་༽དང། ཕྱི་ལོ་ ༢༠༠༤ ལོའི་དཔྱིད་ཆོས་ཆེན་མོར་ཀུན་བཟང་བླ་མའི་ཞལ་ལུང་སོགས་བཀའ་དྲིན་སྐྱོང་སྐབས་སྔོན་འགྲོའི་གསུང་ཆོས་ཁག་ཕྱོགས་སྒྲིག་ཞུས་པ། ༼ཐར་ལམ་གསལ་བའི་སྒྲོན་མེ༽ དེ་བཞིན་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་སྐབས་སྩལ་བའི་བཀའ་སློབ་སོགས་ཕྱོགས་སྒྲིག་ཞུས་པ་༼ལམ་སྟོན་བཀའ་སློབ་ཕྱོགས་བསྡུས༽ ཞེས་བཅས་ཕྱག་དེབ་ཁག་བཞི་བཀའ་བློན་ཁྲི་ཚབ་མཆོག་གིས་དབུ་འབྱེད་གནང་རྗེས་བཀའ་བློན་ཁྲི་ཚབ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་རྒྱུ། དེ་ནས་ཐང་སྟོང་གླུ་གར་སོགས་རྡ་སའི་ཉེ་འཁྲིས་སུ་གནས་པའི་སློབ་གྲྭ་ཁག་ནས་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུ་རྒྱུ་ཡིན་འདུག་པ་བཅས།།
བོད་གཞུང་མང་ཡོངས་ནས་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ཉེར་གཅིག་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ།
གསར་གནས།
འབྲེལ་གནས།