༢༠༡༠ ཟླ་ ༡༢ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༥ ནས་ཚེས་ ༨ བར་ལྡི་ལིའི་ཉེ་འགྲམ་ཧ་རི་ཡ་ན་མངའ་སྡེའི་ནང་སྐོང་ཚོགས་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་དྲུག་པ་དང་། སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ། བོད་རྒྱ་ཞི་མོལ་ཚོགས་འདུ། དེ་བཞིན་དོན་གཅོད་དང་ཕྱི་སྡོད་བོད་མི་ལྷན་ཚོགས་བཅས་ལ་མཉམ་ཞུགས་གནང་ཡོད།
ཕྱི་ཟལ་ ༡༡ ཚེས་ ༡༡།༡༢ ཉིན་ཐེ་ཝན་ནང་དུ་རྒྱ་ནག་མང་གཙོ་ཅན་དུ་འགྱུར་བའི་ཕུགས་རེ་དང་འཚོལ་ཞིབ་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞེས་པ་ཞིག་གོ་སྒྲིག་ཞུས་ཡོད། སྐབས་དེར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་རྒྱ་ནག་མང་གཙོ་དོན་གཉེར་ཚོགས་པ་ཁག་གསུམ་མཉམ་རུབ་ཐོག་ནས་གོ་སྒྲིག་གནང་ཞིང་། ཚོགས་བཅར་ཁོངས་སུ་ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཧོང་ཀོང་། ཐེ་ཝན་སོགས་ནང་གནས་པའི་མང་གཙོ་དོན་གཉེར་བ་དང་། མཁས་དབང་སོགས་མི་གྲངས་བརྒྱ་སྐོར་ཙམ་ལྷན་འཛོམས་གནང་སྐབས་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ལགས་ཀྱང་ཚོགས་འདུ་དེར་ཆེད་བཅར་གྱིས་ཚོགས་འདུ་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་ཀྱིས་བོད་གཞུང་བཀའ་ཁྲི་མཆོག་གིས་ཚོགས་ཆེན་ལ་གནང་བའི་འཚམས་འཕྲིན་སྒྲོགས་སྦྱང་གནང་།
ཚོགས་འདུ་ཉིན་གཉིས་པའི་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་ཆབ་སྲིད་འཕོ་འགྱུར་གྱི་ནུས་པ། ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་འཚོགས་སྐབས་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དང་། རྒྱལ་སྤྱིའི་ཐོག་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོབ་པའི་བརྒྱུད་རིམ་སོགས་ངོ་སྤྲོད་ཀྱི་གསུང་བཤད་གནང་།
ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཁག་གཅིག་དང་ཐུག་འཕྲད་གནང་སྟེ། བོད་རྒྱ་མཛའ་མཐུན་ཚོགས་པ་གསར་འཛུགས་ཀྱི་གྲ་སྒྲིག་ཚོགས་འདུ་དང་། ཕྱི་ལོ་གསར་པའི་ནང་བོད་དོན་ངོ་སྤྲོད་འགྲེམས་སྟོན་སྤེལ་རྒྱུའི་ལས་དོན་ཐོག་གོ་བསྡུར་གནང་།
ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་རྒྱ་ཡིག་ཐོག་ཀུན་གསལ་འོད་སྣང་ཞེས་པ་ཟླ་བ་གསུམ་རེའི་མཚམས་སུ་འདོན་རྒྱུའི་དུས་དེབ་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། དུས་དེབ་ཀྱི་མིང་བྱང་ལ་ཀུན་གསལ་འོད་སྣང་ཞེས་བཀའ་དྲིན་གསོལ་རས་སྩལ་བ་དང་། དུས་དེབ་དེ་ཐེངས་རེར་ཁྱོན་དེབ་གྲངས་བདུན་སྟོང་ཐམ་པ་པར་བསྐྲུན་ཞུས་ཏེ་ཆོས་ཚོགས་ཁག་དང་། དཔེ་མཛོད་ཁང་། རྒྱུན་དུ་འབྲེལ་བ་ཡོད་པའི་མི་སྣ། གཞན་ཡང་དགོས་མཁོ་ཡོད་མཁན་དད་ལྡན་ནང་པ་རྣམས་ལ་རིན་མེད་ཀྱིས་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག དུས་དེབ་དེར་ཁྱོན་ཤོག་གྲངས་ ༤༨ ཡོད་ཅིང་། ནང་དོན་གཙོ་བོ་༸གོང་ས་མཆོག་གི་བཀའ་སློབ་དང་། རིས་མེད་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་བོད་ཀྱི་ནང་ཆོས་ངོ་སྤྲོད་གནང་བའི་ནང་དོན། བོད་ཀྱི་ཆོས་འབྱུང་། བོད་ཀྱི་ནང་ཆོས་ཐེ་ཝན་དུ་དར་ཁྱབ། བོད་ཀྱི་གལ་ཆེའི་མི་སྣ་ཁག་དང་ཁོང་ཚོའི་མཛད་རྣམ་ངོ་སྤྲོད། བོད་ཀྱི་ནང་ཆོས་གླེང་སྟེགས། བོད་དོན་གསར་འགྱུར།གནས་ཚུལ་གཞན་སོགས་ལེ་ཚན་ཆེ་ཁག་དགུ་ཡོད་པ་རེད།
ཐོག་མའི་འཆར་གཞི་ལྟར་དུས་ཡུན་ཟླ་གྲངས་གཉིས་རིང་ཀའོ་ཞུང་ལོ་རྒྱུས་འགྲེམས་སྟོན་ཁང་དུ་བཙན་བྱོལ་ནང་མང་གཙོ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དྲན་གསོའི་འགྲེམས་སྟོན་གཞི་རྒྱ་ཆེ་བ་ཞིག་སྤེལ་ཏེ་ཕྱི་ཟླ་ ༡༡ ནང་མཇུག་སྒྲིལ་རྒྱུ་ཡིན་ནའང། ལོ་རྒྱུས་འགྲེམས་སྟོན་ཁང་ནས་རེ་བསྐུལ་གནང་དོན་བཞིན་ཕྱི་ཟླ་བཅུ་གཉིས་ཟླ་མཇུག་བར་འགྲེམས་སྟོན་འཕར་འགྱངས་ཞུ་རྒྱུ་ཐུགས་གཏན་འཁེལ་ཡོད།
ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ཧོང་ཀོང་སོགས་ནས་ཕེབས་པའི་ཐེ་ཝན་གྱི་གྲོང་ཁྱེར་སྤྱི་ཁྱབ་ཁག་ལྔའི་འོས་བསྡུའི་སྐོར་ལ་ལྟ་ཞིབ་དང་། ཐེ་ཝན་གྱི་མང་གཙོའི་འཕེལ་རིམ་ལ་ཞིབ་འཇུག་གནང་མཁན་ཚོགས་སྡེའི་བགྲོ་གླེང་ཚོགས་འདུའི་ཐོག་གདན་ཞུ་ལྟར། ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱིས་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་།
ཐེ་ཝན་ནང་གི་རྒྱའི་དགོན་པ་ཁག་ལ་འབྲེལ་ལམ་བཟང་པོ་ཞུ་རྒྱུ་གལ་ཆེར་སོང་། སྐུ་ཚབ་དོན་གཅོད་ཀྱིས་ཀོང་ཏེ་དགོན་པའི་མཁན་པོ་ཅིང་ཤིང་བླ་མ་དང་། ཆོས་རྔ་དགོན་པའི་མཁན་པོ་གོ་ཏུང་། ཕུ་ཐའོ་དགོན་པའི་མཁན་པོ་སོགས་ཐུག་འཕྲད་གནང་ཡོད། ཕྱི་ལོ་གསར་པའི་ནང་གནས་མཆོག་ཝ་ར་ཎ་སིར་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དུ་ལྷན་ཞུགས་ཡོང་བའི་འབོད་སྐུལ་ཞུས།
རྒྱ་ནག་སྐམ་སའི་མི་སྣ་ཚོས་བོད་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་སླད། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་ཐེ་ཝན་དུ་རྒྱ་ནག་སྐམ་ས་ནས་ཡོང་བའི་ཤེས་ཡོན་ཅན་དང་། རྩོམ་པ་པོ། གཞན་ཡང་ལས་རིགས་འདྲ་མིན་གྱི་མི་སྣ་ཁག་གཅིག་དང་ཐུག་འཕྲད་གནང་སྟེ་ཕན་ཚུན་བསམ་ཚུལ་བརྗེ་རེས་ཞུས་པ་བཅས།