༢༠༡༠ ཟླ་ ༡༢ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢ རེས་གཟའ་ཕུར་བུའི་ཉིན་གུང་ཆུ་ཚོད་ ༡༢ ཙམ་གྱི་ཐོག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནང་ཁལ་མུཀ་ཡུལ་གྱི་ཏེ་ལོ་རིན་པོ་ཆེ་མཆོག་གིས་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་པའི་གསར་འགོད་རྣམས་ལ་གསུང་བཤད་གནང་དོན། ད་རེས་ཨུ་རུ་སུ་དད་ལྡན་ཆོས་ཞུ་བ་རྣམས་རྡ་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་ཞུ་ཆེད་བཅར་ཐེངས་གཉིས་པ་ཆགས་ཡོད། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་སོག་རིགས་ཚོས་རྡ་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུ་བ་བཅར་རྒྱུ་དེ་རྒྱ་རིགས་དང་ཝི་ཏི་ནམ། ཀོ་རི་ཡ། སིང་ག་པུར་བཅས་ནས་རྡ་སར་ཆོས་འབྲེལ་ཆེད་ཕེབས་པ་ཁོང་ཚོའི་ལད་མོ་བྱས་པ་ཞིག་གཏན་ནས་མིན་པར་ཁོང་ཚོ་དང་མི་འདྲ་བའི་ཁྱད་པར་ཡོད། གང་ཡིན་བརྗོད་ན་སོག་པོ་དང་བོད་གཉིས་ལོ་ངོ་བརྒྱ་ཕྲག་རིང་ནས་རྒྱལ་རབས་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་ཚང་མས་ཤེས་གསལ་རེད། བར་སྐབས་ཤིག་ནས་ཨུ་རུ་སུ་དང་སོག་ཡུལ་ནང་དམར་པོའི་རིང་ལུགས་ཤུགས་ཆེན་པོ་དར་ནས་སོག་རིགས་བོད་དུ་སློབ་གཉེར་གནང་མཁན་ཕེབས་རྒྱུར་དཀའ་ངལ་འཕྲད་དེ་འབྲེལ་བ་ཆད་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དམར་པོའི་དབང་བསྒྱུར་བསླེབས་ཏེ་བོད་སོག་དབར་ཆོས་སྲིད་དང་རིག་གཞུང་སོགས་ཀྱི་འབྲེལ་བ་ཆད་དེ་སྟོང་པ་ལྟ་བུ་ལྷག་ཡོད། ཕྱིས་སུ་ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུའི་དམར་ཤོག་སྦོ་ལུག་སྟེ་བོད་སོག་དབར་སྔར་གྱི་འབྲེལ་བ་སླར་གསོ་བྱུང་ཡོད་པ་མ་ཟད། རིམ་པས་འབྲེལ་བ་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་ཆོས་འབྲེལ་གོ་སྒྲིག་ཞུས་པ་ཞིག་ཡིན། མི་ཁ་ཤས་ཀྱིས་ཆོས་འབྲེལ་དེ་རྡ་སར་བྱེད་དགོས་དོན་སྐོར་དྲི་བ་བཏང་བྱུང། དེའི་རྒྱུ་མཚན་གང་ཡིན་བརྗོད་ན། ཕྱོགས་གཅིག་ནས་བར་ལམ་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུ་དང་ཡང་ན་སོག་ཡུལ་བཅས་སུ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་ལན་མང་བྱས་ཡོད་ཀྱང་ཆབ་སྲིད་ཀྱི་དཀའ་ངལ་མང་པོ་ཞིག་གིས་རྐྱེན་གདན་འདྲེན་ཞུ་ཐུབ་མེད། གཉིས་ནས་༸གོང་ས་མཆོག་སྐུ་འཚོ་ཞུགས་ཀྱི་རིང་ང་ཚོས་ཨུ་རུ་སུ་དང་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སླར་གསོའི་ཆེད་ཤེས་ཡོན་དང་ཉམས་མྱོང་དགོས་ཀྱི་ཡོད། དེར་བརྟེན་དཔེ་ལྟ་ས་ཞིག་དགོས་ཀྱི་ཡོད། ང་ཚོར་དཔེ་ལྟ་ས་དང་ཉམས་མྱོང་ལེན་ས་ཡག་ཤོས་དེ་བོད་པའི་སྤྱི་ཚོགས་དེ་ཆགས་ཡོད། ཨུ་རུ་སུའི་ཆོས་ཞུ་བ་ཚོ་རྒྱ་གར་དུ་དངོས་སུ་ཕེབས་ཏེ་བོད་པའི་ཤེས་ཡོན་སྟི་གནས་ཁང་དང་དགོན་སྡེ་ཁག སློབ་གྲྭ བཙན་བྱོལ་གཞུང་བཅས་ཀྱི་གནས་སྟངས་ཤེས་ཐུབ་པ་ཡོང་རྒྱུ་དེ་རྒྱུ་མཚན་གཞན་ཞིག་རེད། དེ་བཞིན་རྒྱུ་མཚན་གཅིག་ནི་མི་མང་པོས་བསམ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མི་གཅིག་པུས་ཐོབ་ཐང་རེད་བསམ་པ་དྲན་གྱི་ཡོད། ༸གོང་ས་མཆོག་བོད་མི་ཙམ་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་མིན་པར་སོག་པོ་དང་ཧི་མཱ་ལའི་རི་རྒྱུད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད་པར་བརྟེན་ཐེངས་འདིའི་ཆོས་འབྲེལ་གོ་སྒྲིག་ཞུས་པ་ཞིག་ཡིན། མ་འོངས་པར་ཆོས་འབྲེལ་མུ་མཐུད་གོ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད། ལོ་བདུན་བརྒྱད་སྔོན་ཙམ་ལ་ངས་གསལ་པོ་དྲན་གྱི་འདུག ཨུ་རུ་སུ་ནས་རྒྱ་གར་དུ་གནས་མཇལ་མི་ལྔ་ཕྱིར་འཁོར་མཚམས་ང་ཚོ་མང་པོ་ཞིག་ཧང་སངས་ཡོད། དེ་རྗེས་མི་ ༤༠ ཙམ་རྒྱ་གར་དུ་གནས་མཇལ་ཕྱིན་ནས་ཕྱིར་འཁོར་མཚམས་སུའང་ཧང་སངས་བྱས་ཡོད། ཕྱི་ལོ་ ༢༠༠༦ ལོར་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་མཐོ་ཤོས་པདྨ་དཀར་པོ་འབུལ་ལམ་ཞུ་ཆེད་མི་བརྒྱ་ཙམ་རྒྱ་གར་དུ་ཆེད་བཅར་ཞུས་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༧ ལོར་ཁལ་མུཀ་དང་ཐུ་ཝ། བྷུ་ར་ཡ། ཕྱི་སོག་བཅས་ནས་སོག་རིགས་མི་གྲངས་ ༥༠༠ ལྷག་ཙམ་རྡ་སར་བསླེབས་ཏེ་རིག་གཞུང་འགྲེམས་སྟོན་གྱི་ལས་གཞི་ཁག་གཅིག་སྤེལ་ཡོད། ཕྱི་ལོ་ ༢༠༠༩ ལོར་ཨུ་སུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སོག་རིག་ཆོས་ཞུ་བ་མི་གྲངས་ ༨༠༠ ལྷག་ཙམ་ཞིག་རྡ་སར་བསླེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཆོས་འབྲེལ་ཐེངས་དང་པོ་ཞུས་ཡོད། ད་ལྟ་འདིར་སོག་རིགས་མི་གྲངས་ ༡༢༣༧ ཙམ་རྡ་སར་དངོས་སུ་བསླེབས་ཏེ་༸གོང་ས་མཆོག་གི་བཀའ་ཆོས་ཐེངས་གཉིས་པ་ཞུས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ང་ཚོས་དཔེ་ལྟ་ས་ཡག་ཤོས་དེ་བོད་པའི་སྤྱི་ཚོགས་དེ་ཆགས་ཡོད།
གསར་གནས།
འབྲེལ་གནས།